ས་དེའི་དུས་ཚོད་ཚེས26ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲིའུ་ཨར་དུ་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ན་ནིང་གི་ཟླ11པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་དབུ་བཞུགས་བློན་ཆེན་གྱིས་ཅིའུ་ཅིན་ཧྲན་དུ་ཐུག་འཕྲད་བྱས་པར་མ་ཟད། ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གཉིས་ཕན་འབྲེལ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་སླར་ཡང་གཏན་འཁེལ་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཆབ་སྲིད་ཀྱི་སྣེ་ཁྲིད་གལ་ཆེན་མཁོ་འདོན་བྱས་ཡོད། འཇར་པན་ཕྱོགས་ཀྱིས་ཁས་ལེན་དམ་སྲུང་བྱེད་པ་དང་། ལོ་རྒྱུས་དང་ཐའེ་ཝན་སོགས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁ་གཏད་འཇལ་ནས་དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་དགེ་མཚན་ལྡན་པ་དང་བརྟན་ལྷིང་གི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་རྒྱུའི་རེ་བ་ཡོད། ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་བཏང་བའི་གནད་དོན་དེ་མིའི་རིགས་ཡོངས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པས་འཇར་པན་ཕྱོགས་ཀྱིས་རང་ངོས་ཀྱི་འགན་འཁྲི་དང་འོས་འགན་ཏན་ཏིག་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཨན་ཐེན་ཝུན་ཞུང་གིས་བསྟན་དོན། དགེ་མཚན་ལྡན་པ་དང་བརྟན་ལྷིང་གི་འཇར་པན་དང་ཀྲུང་གོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ལ་ཕན་པར་མ་ཟད་འཛམ་གླིང་ལའང་ཕན་པ་ཡོད། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ་འཇར་པན་དང་ཀྲུང་གོའི་འཐབ་ཇུས་གཉིས་ཕན་འབྲེལ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཕྱོགས་གཉིས་ཀྱིས་རིམ་པ་སོ་སོའི་གྲོས་མོལ་དང་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱག་པ་དང་། རེས་སྐོར་གསར་པའི་ཀྲུང་གོ་དང་འཇར་པན་གྱི་དཔལ་འབྱོར་མཐོ་རིམ་འགོ་ཁྲིད་པའི་བར་དང་མཐོ་རིམ་རིག་གཞུང་བརྗེ་རེས་དང་གྲོས་མོལ་ལམ་སྲོལ་གྱི་ཚོགས་འདུ་དུས་འོས་འཚམ་ལ་འཚོག་རྒྱུར་མོས་མཐུན་བྱུང་།
ཤ་བོ་གསེར་མཚོས་བསྒྱུར།