ས་གནས་དེ་གའི་དུས་ཚོད་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲིག་ཨར་དུ་ཧན་གོའི་ཙུང་ཐུང་དབྱིན་ཞི་ཡའོ་ལ་ཐུག་འཕྲད་བྱས།
ལིས་ཆང་གིས་བསྟན་དོན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ30ལྷག་ཙམ་འགོར་བའི་རིང་ལ། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་། སྒོ་འབྱེད་དཀྱེད་ཡངས། གཉིས་ཕན་གཉིས་རྒྱལ་བཅས་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བར་མ་ཟད། དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ཡིད་ཆེས་ཀྱི་ཁ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་དང་། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱེད་པ། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་ཚོང་དོན་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་བཀག་འགོག་བཅས་བྱས་ནས་ཀྲུང་གོ་དང་ཧན་གོའི་འབྲེལ་བ་ཡག་པོ་དང་བརྟན་པོའི་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།
དབྱིན་ཞི་ཡའོ་ཡིས་བསྟན་དོན། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། སྔར་སྲོལ་བཞིན་བློ་བརྟན་འགྱུར་མེད་ངང་ཧན་གོ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཤུགས་འདོན་པ་དང་། ཀྲུང་གོ་ཕྱོགས་དང་གྲོས་མོལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་གི་ཁེ་ཕན་རྒྱ་ཆེར་བཏང་སྟེ་ཧན་གོ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་སྡེ་ཁག་གི་རིམ་པ་མཐོ་བའི་འཐབ་ཇུས་གྲོས་མོལ་དང་། པུའུ་གཞོན་པ་རིམ་པའི་ཕྱི་འབྲེལ་བདེ་འཇགས་ཀྱི་གྲོས་མོལ་དུས་འོས་འཚམ་གྱི་སྐབས་སུ་སྤེལ་བ་དང་། ཀྲུང་གོ་དང་ཧན་གོའི་གྲོས་མོལ་བརྗེ་རེས་ལམ་སྲོལ1.5དུས་ཐོག་ཏུ་སྤེལ་འགོ་ཚུགས་ཏེ་ཀྲུང་གོ་དང་ཧན་གོའི་རང་མོས་ཚོང་དོན་གྲོས་མཐུན་གྱི་དུས་མཚམས་གཉིས་པའི་གྲོས་མོལ་ལ་མགྱོགས་པོར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་སྣའི་འགྲོ་འོང་ལ་སྔར་ལས་ལྷག་པའི་སྟབས་བདེ་བསྐྲུན་རྒྱུའི་མོས་མཐུན་བྱུང་།
ཤ་བོ་གསེར་མཚོས་བསྒྱུར།