ཁྲིན་ཝུན་ཆིན་གྱིས་ཞིན་ཅང་དུ་རྟོག་ཞིབ་བྱས།
2024.05.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ5ཚེས22ཉིན་ནས་ཚེས26ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན་གྱིས་ཞིན་ཅང་དུ་རྟོག་ཞིབ་བྱས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་བའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ཆ་ཚང་ཡང་དག་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཁྲིམས་ལྟར་དྲག་ཤུགས་འཇིགས་སྐུལ་ནག་ཉེས་ལ་རྡུང་རྡེག་གཏོང་བ་རྒྱུན་འཁྱོངས་བྱེད་པ། འཇིགས་སྐུལ་ངོ་རྒོལ་དང་བརྟག་འཇགས་སྲུང་སྐྱོང་ཁྲིམས་སྐྱོང་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་བར་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། ཞིན་ཅང་གི་བརྟན་འཇགས་དང་རྒྱལ་ཡོངས་ཀྱི་བརྟན་འཇགས་ལ་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཁྲིན་ཝུན་ཆིན་སྔ་གཞུག་ཏུ་ཁཱ་ཧྲི་དང་། དབྱི་ལིས། ཝུའུ་ལུའུ་མུའུ་ཆི། དམག་ཚོགས་ཁྲི་ཤོག་བཞི་པ་སོགས་ས་གནས་དང་།  གཞི་རིམ་སྲིད་ཁྲིམས་ལས་ཁུངས་དང་སྲང་ལམ་གཞིས་ཁུལ། མཐའ་མཚམས་འགག་སྒོ་སོགས་སུ་སོང་སྟེ། ཁ་བྲལ་ངོ་རྒོལ་དང་འཇིགས་སྐུལ་ངོ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་དང་། བདེ་འཇགས་བརྟན་འཇགས་སྲུང་སྐྱོང་ཐད་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ཞིན་ཅང་སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིན་ཅང་བྱ་བའི་ཐད་ཀྱི་མཛུབ་སྟོན་དགོངས་དོན་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་བྱེད་རྒྱུ་དེ་ཐོག་མའི་ལས་འགན་དུ་བརྩི་བ་དང་། འཇིགས་སྐུལ་ངོ་རྒོལ་དང་བརྟན་འཇགས་སྲུང་སྐྱོང་གི་འགན་འཁྲི་གཙོ་བོ་ནན་དཀྲི་བྱེད་པ། ཡུན་ཕན་རྐྱེན་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་འགོག་སྡོམ་མ་ལག་འཐུས་ཚང་དུ་གཏོང་བ། དྲག་ཤུགས་དང་འཇིགས་སྐུལ་ནག་ཉེས་གནད་འཁེལ་སྔོན་འགོག་དང་དེར་རྡུང་རྡེག་ནན་མོ་བཏང་ནས། བདེ་འཇགས་ཚད་མཐའ་བརྟན་པོར་སྲུང་དགོས་ཞེས་བླང་བྱ་བཏོན།

ཁྲིན་ཝུན་ཆིན་གྱིས་བཤད་རྒྱུར། འཇིགས་སྐུལ་ངོ་རྒོལ་དང་བརྟན་འཇགས་སྲུང་སྐྱོང་ཁྲིམས་སྐྱོང་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་ནི། ཞིན་ཅང་གི་སྤྱི་ཚོགས་སྤྱི་ཡོངས་ཀྱིས་རྒྱུན་མཐུད་བརྟན་འཇགས་དང་ཡུན་རིང་བརྟན་འཇགས་སྲུང་འཛིན་བྱེད་པ་དང་། ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། བྱ་བ་ཁག་སོ་སོར་ཁྲིམས་ལྟར་བསྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བླང་བྱ་དེ་ཞིན་ཅང་གི་འཇིགས་སྐུལ་ངོ་རྒོལ་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོ་ནས་དངོས་འབེབས་བྱེད་དགོས་ཤིང་། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་བེད་སྤྱོད་གཏོང་མཁས་བྱས་ཏེ་ཉེན་ཁ་སྔོན་འགོག་དང་། ནག་ཉེས་ལ་རྡུང་རྡེག་གཏོང་བ། གནད་དོན་ཐག་གཅོད་པ། འགལ་ཟླ་སེལ་བ་བཅས་བྱེད་པ་དང་། ཁྲིམས་ལྟར་རྡུང་རྡེག་དང་ཁྲིམས་ལྟར་སྔོན་འགོག ཁྲིམས་ལྟར་དོ་དམ་བྱེད་པ་བཅས་བསྒྲུབ་ཐུབ་དགོས། མིག་སྔར་དང་མ་འོངས་པ། རྩ་ལག་མཉམ་བཅོས། སྒྲིག་རིམ་སྲུང་འཛིན་དང་གསོན་ཤུགས་ཇེ་དྲག་ཏུ་གཏོང་བ། བརྟན་འཇགས་སྲུང་སྐྱོང་དང་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་སོགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ཞིན་ཅང་གི་སྤྱི་ཚོགས་སྤྱི་ཡོངས་ཀྱིས་བརྟན་འཇགས་སྲུང་འཛིན་བྱེད་པའི་རྨང་གཞིའི་སྟེང་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་དགོས།

ཐ་ཧྲི་ཁུའུ་ཨར་ཀན་དང་། ཧོ་ཨར་ཀོ་སི་མཐའ་མཚམས་ས་ཁུལ་དུ། ཁྲིན་ཝུན་ཆིན་གྱིས་མཐའ་མཚམས་བརྟན་སྲུང་གི་འཐབ་ཡུལ་དང་པོར་འབད་འཐབ་བྱེད་པའི་སྲིད་ཁྲིམས་ཉེན་རྟོག་པར་འཚམས་འདྲི་བྱས་པར་མ་ཟད། ཁོ་ཚོས་མཐའ་མཚམས་དུ་རྐང་བཙུགས་ནས་བློ་དཀར་བརྟན་སྲུང་དང་བློས་གཏོང་ཚད་མེད་བྱས་ཤིང་།  རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱེད་ཆེད་ཧུར་ཐག་གི་བྱས་རྗེས་བཞག་པར་ཁས་ལེན་གང་ལེགས་བྱས་པ་དང་། སྲིད་ཁྲིམས་ཉེན་རྟོག་པས་བྱེད་ཕྱོགས་བཟང་པོ་སྲུང་འཛིན་བྱེད་པ་དང་བློ་དཀར་གྱིས་འགན་འཁྲི་མཐའ་འཁྱོལ་བསྒྲུབ་ནས། མཐའ་མཚམས་ཀྱི་བདེ་འཇགས་ཚད་ཐིག་མཐའ་གཅིག་ཏུ་བརྟན་སྲུང་བྱ་རྒྱུའི་རེ་བ་བཏོན། ཁོས་ཞིན་ཅང་གི་སྲིད་ཁྲིམས་བྱ་བ་ཡག་པོར་བསྒྲུབ་ན་བྱང་ཚད་མཐོ་བའི་སྲིད་ཁྲིམས་དམག་དཔུང་སྟོབས་ལྡན་ཞིག་འཛུགས་རྒྱུ་ནི་གལ་འགངས་ཆེ་བ་ཞིག་རེད། བློ་དཀར་བྱེད་པར་ཤུགས་བཏོན་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་འཛིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། དག་གཙང་ཡོང་བར་ཤུགས་བཏོན་ཏེ། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་དང་སྒྲིག་སྲོལ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱེད་དགོས། ཁག་ཁུར་ཡོད་པར་ཤུགས་བཏོན་ཏེ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ལ་དགོས་མཁོ་ཡོད་དུས་སྔོན་ལ་མཆོངས་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།

རྟོག་ཞིབ་བྱེད་སྐབས། ཁྲིན་ཝུན་ཆིན་གྱིས་དབྱི་ཉིང་དུ་མགོ་འཛིན་བྱས་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁ་ཤས་ཀྱི་ཁ་བྲལ་ངོ་རྒོལ་དང་འཇིགས་སྐུལ་ངོ་རྒོལ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། རྒྱལ་ཡོངས་བསམ་བཀོད་གཅིག་གི་དགོངས་པ་བརྟན་པོར་འཛུགས་པ་དང་། བྱ་བ་ཁག་སོ་སོ་ཞིབ་ཚགས་དམ་འཛིན་བྱེད་པ། ཉེན་ཁ་དང་འགོག་རྐྱེན་གལ་ཆེན་ཕན་ནུས་ལྡན་པར་སེལ་བ་དང་སྔོན་འགོག་ཐུབ་པར་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་ཀྱི་རྒྱུན་མཐུད་བརྟན་འཇགས་ལ་ཁག་ཐེག་བྱེད་དགོས་ཞེས་བླང་བྱ་བཏོན།

རིག་འཛིན་སྒྲོལ་མས་བསྒྱུར།