ཉེ་ལམ། ཞིང་ཆེན་ཡོངས་ཀྱི“གཙོ་གཉིས”འཛུགས་སྐྲུན་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས་ཏེ་གཏམ་བཤད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་ཟབ་སྤེལ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་གང་ལེགས་བྱེད་པ། བརྒྱུད་རིམ་ལྡན་པའི་འཆར་འགོད་ལ་ཤུགས་བསྣན་ཏེ། ལས་འགན་གྱི་འདུ་ཤེས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་དྲག་པོར་བརྟེན་ནས། “གཙོ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གང་ལེགས་གཏོང་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་ཡུན་རིང་གི་དམིགས་བསལ་རྒྱལ་བུན་འགྲེམ་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས་སྤེལ་བའི་བཀོད་སྒྲིག་གལ་ཆེན་ཞིག་དང་། ཞིང་ཆེན་རང་གིས་ནུས་ལྡན་གྱི་དངུལ་གཏོང་རྒྱ་སྐྱེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན། ས་གནས་དང་སྡེ་ཁག་སོ་སོས“གཙོ་གཉིས”འཛུགས་སྐྲུན་གྱི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་ཡང་དག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལངས་གནས་ཇེ་མཐོར་གཏོང་བ་དང་བསམ་བློ་གཅིག་གྱུར་བྱེད་པ། ངོས་འཛིན་གཏིང་ཟབ་དུ་གཏོང་བ། ཁག་བགོས་ལག་བསྟར་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་ལ་རྩེ་གཅིག་ཏུ་འབད་དེ། སྤུས་ཚད་མཐོ་ལ་ཚད་གཞི་མཐོ་བའི་སྒོ་ནས“གཙོ་གཉིས”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་ཞེས་བསྟན།
ཝུའུ་ཞའོ་ཅུན་གྱིས་འཐབ་ཇུས་རང་བཞིན་དང་རྒྱང་ལྟའི་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་འབུར་ཐོན་ཡོང་བར་བྱེད་དགོས།“ཞིང་ཆེན་གྱི་ཆེས་ཆེ་བ་གསུམ་གྱི་ངེས་གནས”དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་དངོས་ནས་རྐང་ཚུགས་པར་བྱེད་པ།“དངུལ་གཏོང་བརྟན་པོ”དང“མཉེན་པའི་འཛུགས་སྐྲུན”ལ་དམ་པོར་དམིགས་ནས། ལས་གཞི་འཛུགས་སྐྲུན་དང་དམངས་འཚོའི་འགན་ལེན་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ། ཐོན་ཁུངས་དང་ནུས་ཁུངས་འཐབ་ཇུས་ལ་འགན་ལེན་གང་ལེགས་བྱེད་པ། ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། ལས་གཞི་གལ་ཆེན་ལ་ཇུས་འགོད་བྱས་ནས་དངོས་སུ་སྐུལ་འདེད་གཏོང་དགོས་ལ། འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་ཟབ་སྤེལ་བྱེད་དགོས། སྲིད་ཇུས་ལ་གོ་བ་ཡང་དག་ལེན་པ་དང་། རྒྱུན་སྲོལ་དང་རྒྱུན་སྲོལ་ལས་བརྒལ་བའི་སྲིད་ཇུས་སོ་སོ་གཅིག་གྱུར་གྱིས་བེད་སྤྱོད་གང་ལེགས་བྱེད་པ། སྲིད་ཇུས་དང་ཡོ་བྱད་ཁག་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ཏེ། ལས་གཞིའི་སྤུས་ཚད་དང་འཐུས་ཚང་ཡིན་པའི་ཚད་འབྱུང་རྩ་ནས་ཇེ་མཐོར་བཏང་ནས། ལས་གཞི་ལག་བསྟར་གྱི་ཕན་འབྲས་ཆེས་ཆེ་ཤོས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། ལས་གཞི་ཇུས་འགོད་དང་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ལས་གཞིར་གདམ་གསེས་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས“ཉེ་དུས་ལག་བསྟར་བྱེད་ཆོག་པ་དང་ཡུན་རིང་གསོག་འཇོག་ཡོད་པ། དུས་བཅད་ལྟར་འཁོར་རྒྱུག་བྱེད་ཆོག་པ”བཅས་ཀྱི་ལས་གཞིའི་མཛོད་བསྐྲུན་ནས། ལས་གཞི་སྔར་ལས་གང་མང་རྒྱལ་ཁབ་ཀྱི“ཇུས་ཆེན”ནང་འཇུག་གང་ཐུབ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་ས་གནས་དང་སྡེ་ཁག་སོ་སོས་བྱ་བའི་འགན་འཁྲི་དམ་པོར་འཁུར་ནས་བྱ་བའི་ལམ་སྲོལ་འཛུགས་རྒྱུ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་པ། གཙོ་གནད་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བཟོ་སྐྲུན་ལས་གཞིའི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་འབྲེལ་ཐག་ཇེ་དམ་དུ་བཏང་ནས། “གཙོ་གཉིས”ལས་གཞི་དེ་ཁྱད་ལེགས་བཟོ་སྐྲུན་དང་སྤུས་ལེགས་བཟོ་སྐྲུན། བློ་བདེ་བའི་བཟོ་སྐྲུན་བཅས་སུ་བསྐྲུན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན།
ཚེ་རིང་ཐར་དང་ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཧི་ལུའུ་ཁྲུན་བཅས་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།