ཟླ5པའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ། 2024ལོའི་རྒྱལ་ཡོངས་ཚན་རྩལ་གྱི་གཟའ་འཁོར་བྱེད་སྒོ་དང་པེ་ཅིང་ཚན་རྩལ་གཟའ་འཁོར་གྱི་འགྲན་ར་གཙོ་བོའི་བྱ་འགུལ་ལ་ཞུགས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས། རྒྱལ་གཅེས་དང་གསར་གཏོད། བདེན་འཚོལ། བྱས་རྗེས་འཇོག་པ། མཐུན་སྦྱོར། མི་གསོ་སྐྱོང་བྱེད་པ་བཅས་ཀྱི་ཚན་རིག་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། ཚན་རིག་ལ་བརྩི་འཇོག་དང་གསར་གཏོད་ལ་བརྩི་མཐོང་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བསྐྲུན་ཏེ། ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་བསྟན།
ཏེན་ཞུའེ་ཞང་གིས་ཚན་རིག་གི་གྲུབ་འབྲས་ནི་བསམ་པའི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། ཚན་རིག་པའི་སྙིང་སྟོབས་ཀྱི་བླ་སྲོག་ནི་རྒྱལ་གཅེས་ཡིན། ཚན་རིག་པ་རྒན་རབས་རྣམས་ཀྱིས་དཀའ་ཁག་ཧ་ཅང་ཆེ་བའི་ཆ་རྐྱེན་འོག་ཏུ། གྲུབ་འབྲས་ཆེན་པོ་ལེན་ཐུབ་པའི་གནད་འགག་གལ་ཆེན་ཞིག་ནི། ཁོ་ཚོས་རྒྱལ་གཅེས་ཀྱི་བསམ་བློ་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འདུན་པ་ཟབ་མོ་བཅངས་ཡོད་པའི་དབང་གིས་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བགྲོད་ལམ་གསར་པའི་སྟེང་དུ། ཚན་རིག་པའི་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་དགོས་པ་དང་། དུས་རབས་གསར་པའི་ཆན་ཞུའེ་སུན་དང་ཀའོ་ཡུང་ཧོའེ་ལྟ་བུའི་ཚན་རིག་པ་སྔར་ལས་གང་མང་མཁོ་བར་མ་ཟད། ཚན་རིག་ཞིབ་འཇུག་མི་སྣ་སྔར་ལས་མང་པོས་ཆུ་ཚད་སྔར་ལས་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པའི་ལས་འགན་དང་འགན་འཁྲི་འཁུར་དགོས་ཞེས་གསུངས། ཁོང་གིས་རྒྱ་ཆེའི་ཚན་རིག་ཞིབ་འཇུག་མི་སྣས་ཁྱིམ་ཚང་དང་རྒྱལ་ཁབ་ལ་བརྩེ་སེམས་ཟབ་མོ་བཅངས་ནས། བསམ་པའི་དཔལ་འབར་རྒྱུན་འཛིན་བྱེད་རྒྱུ་དང་ཚན་རིག་གི་མཐོ་ས་ཟིན་པར་འབད་པ། མི་ཚེའི་ཕུགས་འདུན་རྒྱལ་ཁབ་ཀྱི་ལས་འགན་ཁྲོད་བཅུག་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ཆེད་དུ་བྱས་རྗེས་གངལེགས་འཇོག་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལའེ་ཐེངས་འདིའི་བྱ་འགུལ་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།