ལིས་ཆང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་དགུ་པར་ཞུགས།
2024.05.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 7

 ས་དེའི་དུས་ཚོད་ཟླ5པའི་ཚེས27ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཧྲིའུ་ཨར་དུ་ཧན་གོའི་ཙུང་ཐུང་དབྱིན་ཞི་ཡའོ་དང་། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་དང་མཉམ་དུ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་དགུ་པར་ཞུགས། 

ལིས་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་འཇར་པན། ཧན་གོའི་མཉམ་ལས་ལམ་སྲོལ་བཙུགས་ནས་ལོ25འཁོར་བའི་ལོ་རེད། འགོ་འཛུགས་ས་གསར་པའི་སྟེང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ནས་སྒོ་འབྱེད་དཀྱེལ་ཡངས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་ཡིད་ཆེས། གཉིས་ཁེ་གཉིས་ཕན། བརྗེ་རེས་དང་དཔྱད་གཞིར་འཛིན་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་འཇར་པན། ཧན་གོའི་མཉམ་ལས་སླར་ཡང་གོང་དུ་སྤེལ་བ་དང་། གོམ་པ་བརྗེས་ནས་ཇེ་མགྱོགས་སུ་གཏོང་བར་མཉམ་དུ་སྐུལ་འདེད་བཏང་ནས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ལམ་བུ་གསར་པའི་ཕྱོགས་སུ་བསྐྱོད་དེ་ས་ཁུལ་དར་རྒྱས་བརྟན་ལྷིང་ཡོང་བར་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས། 

ལིས་ཆང་གིས་ཀྲུང་གོ་དང་འཇར་པན། ཧན་གོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་གྲོས་འགོ་ལྔ་བཏོན་པ་སྟེ། གཅིག་ནི་མཉམ་ལས་ཁྱོན་ཡོངས་ནས་བསྐྱར་དུ་སྤེལ་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱེད་པ། མཉམ་ལས་གསོག་ཚད་སྐུལ་སློང་གང་ལེགས་བྱེད་པ། འཕར་ཚད་བརྟན་པོའི་ངང་སྐྱེད་སྲིང་བྱེད་པ་བཅས་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཆགས་པ་དང་རྒྱལ་ཁབ་གསུམ་པོའི་མཉམ་ལས་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་དེ་རེད། གཉིས་ནི་དཔལ་འབྱོར་ཚོང་དོན་ཕན་ཚུན་འབྲེལ་མཐུད་ཟབ་སྤེལ་བྱས་ནས་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་ལྷིང་ཤར་གཏོང་ཡོང་བར་སྲུང་སྐྱོང་བྱས་ཏེ་ཀྲུང་གོ་དང་།འཇར་པན། ཧན་གོའི་རང་མོས་ཚོང་དོན་གྲོས་མཐུན་གྱི་གྲོས་མོལ་སྔ་མོ་ནས་སླར་གསོ་དང་ལེགས་གྲུབ་ཡོང་བར་བྱ་རྒྱུ་དེ་རེད། གསུམ་ནི་ཚན་རྩལ་གསར་གཏོད་མཉམ་ལས་ལ་སྣེ་ཁྲིད་བྱས་ནས་མཐུན་སྦྱོར་གསར་གཏོད་དང་མདུན་གྲལ་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་རུ“ཀྲུང་གོ་དང་འཇར་པན། ཧན་གོའི་གསར་གཏོད་མཉམ་ལས་ལྟེ་གནས”བཙུགས་ནས་རྒྱལ་ཁབ་གསུམ་གྱིས་འགུལ་ནུས་གསར་པ་མགྱོགས་མྱུར་གསོ་སྐྱོང་བྱ་རྒྱུར་རོགས་རམ་བྱ་རྒྱུ་ཡིན། བཞི་ནི་མི་གཞུང་བརྗེ་རེས་ཀྱི་འབྲེལ་ཐག་ཇེ་དམ་དུ་གཏོང་བ་དང་། ཀྲུང་གོ་དང་འཇར་པན། ཧན་གོའི་རིག་གནས་བརྗེ་རེས་ལོ་གཉེར་བ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གསུམ་གྱི་མི་དམངས་ཀྱིས“ཁྱིམ་མཚེས་སུ་སྡོད་པ”ནས“སེམས་འབྲེལ་བར”སྐུལ་འདེད་གཏོང་དགོས། ལྔ་ནི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཐཱན་ཉུང་ཕྱོགས་སྒྱུར་དང་གནམ་གཤིས་འགྱུར་ལྡོག ལོ་ལོན་ཅན་དུ་འགྱུར་བ། རིམས་ནད་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ“ཀྲུང་གོ་དང་འཇར་པན། ཧན་གོའི”མཉམ་ལས་རྣམ་གྲངས་སྔར་ལས་མང་པོ་སྔོག་འདོན་དང་དར་སྤེལ་གཏོང་དགོས།