ས་དེའི་དུས་ཚོད་ཚེས27ཉིན་གྱི་ཉིན་གུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཧྲིའུ་ཨར་དུ་ཧན་གོའི་ཙུང་ཐུང་དབྱིན་ཞི་ཡའོ་དང་། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་དང་མཉམ་དུ་ཀྲུང་གོ་དང་འཇར་པན། ཧན་གོའི་བཟོ་ཚོང་རྩེ་ཚོགས་སྐབས་བརྒྱད་པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ལིས་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས“མཛའ་བརྩེ་དང་ལྷག་བསམ་རྣམ་དག གཞན་ཕན། དཀྱེལ་ཡངས”ཞེས་པའི་ཡིག་འབྲུ་བཞི་སྤྱད་དེ་ཀྲུང་གོའི་མཐའ་འཁོར་གྱི་ཕྱི་འབྲེལ་འདུ་ཤེས་སྤྱི་སྡོམ་གནད་བསྡུས་མཛད་ཡོད། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ས་ཁམས་ཐད་རི་ཆུ་གཅིག་ཏུ་འབྲེལ་ཡོད་པ་དང་། དཔལ་འབྱོར་ཐད་མཉམ་འདྲེས་གཏིང་ཟབ་བྱེད་པ། རིག་གནས་ཐད་འབྱུང་ཁུངས་ཕན་ཚུན་འབྲེལ་ཡོད་པ་བཅས་ཀྱི་ཐོག་ནས་ང་ཚོ་ཞི་བདེ་མཛའ་གྲོགས་ཀྱི་ཁྱིམ་མཚེས་དང་། ལག་གདང་སྦྲེལ་ནས་འཕེལ་རྒྱས་འགྲོ་བའི་ཁྱིམ་མཚེས། སེམས་ཁམས་མཐུན་པའི་ཁྱིམ་མཚེས་བཅས་བྱེད་དགོས་པ་གཏན་འཁེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་དང་འཇར་པན་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ལོ་རྒྱུས་མིག་དཔེར་བཟུང་བ་དང་། མ་འོངས་པར་ཁ་ཕྱོགས་པ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། ཁེ་ཕན་མཉམ་འདྲེས་དང་མི་དམངས་མཛའ་མཐུན། ལས་དབང་འབྲེལ་མཐུད་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ས་ཁུལ་རང་གི་གཞི་གཅིག་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུར་སྐུལ་ཁྲིད་བྱས་ཏེ་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཀྱི་རྣམ་པ་གསར་པ་སྔར་ལས་གཏོད་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་བསྟན་དོན། རྒྱ་ཆེའི་ཁེ་ལས་པས་ཀྲུང་གོ་དང་འཇར་པན། ཧན་གོའི་དཔལ་འབྱོར་ཚོང་དོན་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད། ཚང་མས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕན་ཚུན་འབྲེལ་མཐུད་ཀྱི་ཆུ་ཚད་དང་རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག་ལས་ཆོད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བའི་སྲུང་སྐྱོང་མཁན་བྱེད་དགོས། འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་དང་མཉམ་འབྲེལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་སྟེ་ལག་རྩལ་ཡར་ཐོན་དང་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་མཉམ་དུ་སྐུལ་འདེད་བཏང་ནས་གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་སྐུལ་འདེད་མཁན་བྱེད་དགོས། མིའི་རིགས་ཀྱི་དཔལ་ཡོན་མཉམ་འདྲེས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། ཟམ་པ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དམངས་ཁྲོད་འགྲོ་འོང་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་མི་གཞུང་བརྗེ་རེས་རྒྱ་སྐྱེད་གཏོང་བའི་སྐུལ་འདེད་མཁན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
རྒྱལ་ཁབ་གསུམ་གྱི་བཟོ་ཚོང་ལས་རིགས་དང་སྲིད་གཞུང་གི་འཐུས་མི240ཙམ་རྩེ་ཚོགས་ལ་ཞུགས།
ཝུའུ་ཀྲིན་ལུང་གོང་གསལ་བྱེད་སྒོར་ཞུགས།
ཉིན་དེར་ལིས་ཆང་འབྲེལ་ཡོད་བྱེད་སྒོ་མཇུག་སྒྲིལ་རྗེས་ཧྲིག་ཨར་དང་ཁ་འབྲལ་སྐབས་ཧན་གོའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་ཧན་གོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞེན་ཧའེ་མེན་སོགས་གནམ་གྲུ་ཐང་དུ་སྐྱེལ་མ་བྱེད་པར་ཡོང་།
ཤ་བོ་གསེར་མཚོས་སྒྱུར།