ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས།
2024.05.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ5པའི་ཚེས27ཉིན་གྲོས་ཚོགས་བསྡུས་ཏེ། དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་སྒོས་དར་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་འགའ་ཞེས་པ་དང་དངུལ་ལོར་ཉེན་ཁ་འགོག་སེལ་གྱི་འགན་འདྲིའི་གཏན་འབེབས་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ནས་བསྟན་དོན། དབུས་རྒྱུད་ས་ཁུལ་དར་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འཐབ་ཇུས་ཀྱི་ཇུས་ཆོད་གལ་ཆེན་ཡིན། ཏང་ཀྲུང་དབྱང་གི་འཐབ་ཇུས་རེ་འདོད་ལ་གོ་བ་ཟབ་མོ་ལེན་པ་དང་ཐོག་མཐའ་བར་གསུམ་དུ་དབུས་རྒྱུད་ས་ཁུལ་དེ་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་རྟེན་གཞི་དང་ནུས་ཁུངས་ཀྱི་མ་བཅོས་རྒྱུ་ཆའི་རྟེན་གཞི། དེང་རབས་སྒྲིག་ཆས་ཀྱི་བཟོ་སྐྲུན་དང་མཐོ་གསར་ལག་རྩལ་གྱི་ཐོན་ལས་རྟེན་གཞི། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ལྟེ་གནས་བཅས་ཡིན་པའི་འཐབ་ཇུས་ངེས་གནས་ལ་དམ་དུ་སྦྲེལ་ནས། གཙོ་གནད་ལས་འགན་སྣ་ཚོགས་ཧུར་ཐག་གིས་སྐུལ་སྤེལ་བྱས་ཏེ། དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གསར་དུ་བརྒལ་གཏོར་གལ་ཆེན་འབྱུང་བར་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཚན་རིག་སློབ་གསོའི་ཐོན་ཁུངས་གཅིག་ཏུ་འདུས་པའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། གསར་གཏོད་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་པ། དངོས་ཕུང་དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པ་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་གོང་འཕེལ་དུ་གཏོང་བ། མ་འོངས་ཐོན་ལས་ལ་འཆར་འགོད་བྱེད་པ་བཅས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས། ཁུལ་བབ་ཀྱི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། དེང་རབས་ཅན་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ཀྱི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྒྱུ་རྐྱེན་ནུས་མཐོ་དང་རང་དབང་སྟབས་བདེའི་ངང་འཁོར་རྒྱུག་བྱེད་པར་ཡར་སྐུལ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྔར་ལས་བཟང་བོར་མཉམ་འདྲེས་དང་ཞབས་འདེགས་ཞུ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྷད་མེད་ཐཱན་ཉུང་གི་འཕེལ་རྒྱས་མཉམ་དུ་སྐུལ་སྤེལ་བྱས་ཏེ་མཛེས་སྡུག་གི་དབུས་རྒྱུད་མྱུར་དུ་འཛུགས་སྐྲུན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་ཀྱི་ཕྱོགས་ཡོངས་དར་སྤེལ་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས། འབྲུ་རིགས་དང་ནུས་ཁུངས་ཐོན་ཁུངས་ཀྱི་འགན་སྲུང་ནུས་པ་ཤུགས་ཆེན་པོས་མཐོར་འདེགས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཉིས་ཀྱིས་ཕན་ཚུན་སྐུལ་འདེད་གཏོང་བ་མངོན་འགྱུར་བྱེད་དགོས། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་མགོ་ཁྲིད་ཚན་ཆུང་གིས་གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ལས་འགན་སྣ་ཚོགས་ཞིབ་ཚགས་དང་གཟབ་ནན་སྒོས་སྒྲུབ་ནས། གསལ་ཁྲའི་རྣམ་པས་དོན་འཁྱོལ་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཧྲན་ཞི་དང་ཨན་ཧོས། ཅང་ཞི། ཧི་ནན། ཧུའུ་པེ། ཧུའུ་ནན་སོགས་དབུས་རྒྱུད་ཞིང་ཆེན་དྲུག་གིས་འགན་འཁྲི་གཙོ་བོ་དངོས་སུ་ཁུར་དུ་ལེན་པ་དང་། བྱ་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཏེ། དབུས་རྒྱུད་ས་ཁུལ་དར་རྒྱས་སུ་གཏོང་བའི་ལེའུ་གསར་པ་ཧུར་ཐག་གིས་འབྲི་དགོས།

གྲོས་ཚོགས་ནས་བསྟན་དོན།  དངུལ་ལོར་ཉེན་ཁ་འགོག་སེལ་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས།  མི་དམངས་ཀྱི་རྒྱུ་ནོར་བདེ་འཇགས་བཅས་དང་འབྲེལ་བ་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་འབྱུང་བར་ངེས་པར་དུ་མཆོང་བརྒལ་བྱེད་དགོས་པའི་འགག་སྒོ་གལ་ཆེན་ཞིག་རེད། དངུལ་ལོར་ཉེན་ཁ་འགོག་སེལ་གྱི་འགན་འདྲི་གཏན་འབེབས་གཏན་ལ་ཕབ་ནས་བཏོན་པ་ནི།  དངུལ་ལོར་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་དོན་འཁྱོལ་བྱ་རྒྱུར་སྔར་ལས་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གིས་དངུལ་ལོར་བྱ་བར་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་བ། དངུལ་ལོར་ཁྱབ་ཁོངས་ཀྱི་འབྲེལ་ཡོད་དོ་དམ་སྡེ་ཁག་དང་། དངུལ་ལོར་སྒྲིག་གཞི། ལས་རིགས་གཙོ་གཉེར་སྡེ་ཁག་དང་ས་གནས་ཏང་ཨུ་དང་སྲིད་གཞུང་བཅས་ལ་འགན་འཁྲི་ནན་དཀྲི་བྱས་ཏེ། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྲིད་འབྲས་ཀྱི་ལྟ་བ་ཡང་དག་པ་བཅངས་པར་སྐུལ་འདེད་བཏང་ནས།  དངུལ་ལོར་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་དངུལ་རྩའི་ཉེན་ཁ་འགོག་སེལ་བྱེད་པ། དངུལ་ལོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བ་སོ་སོ་དོན་འཁྱོལ་ཡག་པོ་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན།   གཏན་འབེབས་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དངོས་སུ་དམ་འཛིན་བྱས་ཏེ།  གཟབ་ནན་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་། ནན་འདྲི་དང་གདོང་གཏུག་བྱེད་ཕོད་པ། དོ་དམ་ནན་མོ་བྱེད་ཕོད་པ། འགན་འཁྲི་ཤོར་ཚེ་ངེས་པར་དུ་འགན་འདྲི་དང་འགན་འཁྲི་རྩད་གཅོད་ནན་མོ་བྱ་རྒྱུ་བཅས་ཀྱི་བརྡ་རྟགས་དྲག་པོ་བཏང་ནས།  དངུལ་ལོར་ལྟ་སྐུལ་དོ་དམ་དངོས་སུ་གཟབ་ནན་དུ་བཏང་སྟེ། གཞི་གདངས་ནན་མོ་དང་བྱེད་ཐབས་ནན་མོ། སྣང་ཚུལ་ནན་མོ་བཅས་དངུལ་རྩའི་ཁྱབ་ཁོངས་སུ་གཞི་ཆགས་པར་བྱེད་རྒྱུ་མ་ཟད་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།