ཟླ5པའི་ཚེས27ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་དང་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ནས། སྐྱོད་ལམ་གསར་པས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐབས་ཤེས་རྒྱས་བཤད་ཟབ་མོ་གནང་ཡོད་པས། མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བཟུང་ནས། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རང་རྟོགས་སྒོས་བཅོས་སྒྱུར་བྱེད་པ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། རང་ཞིང་གི་གཙོ་གནད་ལས་དོན་དང་བཀོད་སྒྲིག་ལ་དམིགས་པ་དང་། ས་བབ་དང་བསྟུན་ནས་ནུས་ཁུངས་གཙང་མ་དང་ལྗང་མདོག་ཐཱན་ཉུང་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། གྲོང་གསེབ་དར་སྤེལ་སོགས་ཀྱི་བྱ་བ་ནན་ཏན་སྒོས་ལེགས་པོར་སྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ། དོན་དངོས་དང་ཟུང་འབྲེལ་སྒོས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་ནས་སེམས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་དགོས།
གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་། འཐབ་ཇུས་ཀྱི་བསམ་གཞིགས། རེ་བཅོལ་ཆེན་པོ་བཅས་ལ་གོ་བ་ཟབ་མོ་ལེན་པ། རྒྱལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་བཀོད་སྒྲིག་དང་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། མཚོ་སྔོན་གྱིས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་བསམ་ཕྱོགས་སྔར་ལས་གསལ་བར་བྱེད་པ་དང་། སྐྱེ་ཁམས་དམིགས་བསལ་དུ་འཛིན་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་མཐའ་དམ་པོར་སྲུང་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་འབེན་ལ་དམ་པོར་དམིགས་ཏེ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་། དྲང་བདེན་གསར་སྐྲུན། སྤུས་ཚད་དང་ཕན་འབྲས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། ལྟེ་བ་གཅིག་དང་སྐོར་བ་གཅིག གནས་མང་བོ་བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་དགོས། མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པར་མཐོང་ཆེན་བྱས་ནས། རང་ཞིང་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས།
གྲོས་ཚོགས་སྟེང《 མཚོ་སྔོན་ཞིང་ཆེན་གྱི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་དམིགས་འགུག་དམིགས་འཇུག་དོ་དམ་བྱེད་ཐབས》ལ་གྲོས་ཞིབ་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ཤུགས་སྣོན་དང་། འགན་འཁྲི་ནན་སྒྲུབ། བྱ་བའི་བྱེད་ཐབས་ལེགས་སྒྱུར་བཅས་བྱས་ཏེ། དམིགས་འགུལ་དམིགས་འཇུག་གི་དོ་དམ་ལམ་ལུགས་ལག་བསྟར་ཏན་ཏིག་དང་། ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ། བཟོ་སྐྲུན་འཛུགས་སྐྲུན་གྱི་དམིགས་འགུག་དམིགས་འཇུག་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་དགོས། དགོངས་གཞི་ནན་མོ་རྒྱུན་འཁྱོངས་བྱེད་པ་དང་། གོ་རིམ་ཐད་ཀྱི་ཉེན་ཁ་ནས་འགོ་བརྩམས་ཏེ། ཏན་ཏན་ཏིག་ཏིག་གིས་གནད་དོན་གྲལ་བཤེར་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ལ་རྩད་གཅོད་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཇེ་ཆེར་གཏོང་བ། ལྷག་པར་དུ་བཀའ་བཀོད་ལག་བསྟར་མི་བྱེད་པ་དང་བཀག་ཀྱང་མི་ཉན་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ་དང་ཐེར་འདོན་བྱེད་ཤུགས་ཇེ་ཆེར་བཏང་ནས། ཡོངས་བསྒྲགས་དང་། འདྲ་མཉམ། དྲང་བདེན། ཁ་བཤད་དོན་གནས་བཅས་ཀྱི་ཁྲོམ་རའི་ཁོར་ཡུག་ཅིག་བསྐྲུན་དགོས།
གྲོས་ཚོགས་སྟེང་མིག་སྔར་མཚོ་སྔོན་གྱིས་ཨར་ལས་འཛུགས་སྐྲུན་གྱི་དུས་སྐབས་བཟང་བོ་དང་། ཡུལ་སྐོར་འཕེལ་རྒྱས་ཀྱི་དུས་རིམ་བཟང་བོ། ཆུ་ལོག་རྒྱས་པའི་དུས་དང་དབྱར་ཁའི་དུས་བཅས་ལ་འཁེལ་བས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་འདི་དམ་འཛིན་ཏན་ཏིག་བྱས་ནས། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་རིགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཐད་ཡང་བསྐྱར་གྲལ་བཤེར་དང་ཡང་བསྐྱར་བཀོད་སྒྲིག་བྱེད་པ་དང་། འཕྲལ་བསྟུན་སྔོན་ཇུས་དང་དོགས་ཟོན་བྱེད་ཐབས་འཐུས་ཚང་དུ་གཏོང་བ། བདེ་འཇགས་ཤེས་བྱ་ཡང་དང་བསྐྱར་དུ་དྲིལ་བསྒྲགས་བྱེད་པ་དང་སློབ་གསོ་གཏོང་བ་བཅས་བྱས་ཏེ། གནོད་འཚེ་ཚབས་ཆེན་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།