སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་དང་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་ལས་རིགས་སོ་སོའི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།
2024.05.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་དང་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་ལས་རིགས་སོ་སོའི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།   ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། འཕེལ་རྒྱས་དང་བཅོས་སྒྱུར་སྐོར་གྱི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་ཁ་གསལ་བཏབ་ཡོད་པས། སྐྱོད་ལམ་གསར་པའི་སྟེང་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱས་པ་དང་ཡིད་ཆེས་ཆེན་པོ་བསྣན་ཡོད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་གཏོང་བར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་འདི་དམ་འཛིན་བྱས་ཏེ། བཅོས་སྒྱུར་གྱི་གཙོ་གནད་མངོན་གསལ་ཅན་དུ་གཏོང་བ་དང་། རིན་ཐང་གི་ལྟ་བ་འཛིན་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་བ། བྱེད་སྟངས་དང་བྱེད་ཐབས་ལ་མཐོང་ཆེན་བཅས་བྱས་ནས། ལས་འགན་གཙོ་བོ་ཡོངས་འགྲུབ་དང་འཐབ་ཇུས་དམིགས་འབེན་མངོན་འགྱུར་ཡོང་བར་སྒུལ་ཤུགས་སྣོན་དགོས་ཞེས་ནན་གྱིས་གསུངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་གཏོང་བར་ཅིས་ཀྱང་། འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་དམ་འཛིན་བྱེད་དགོས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་ལས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་ནས། སྤྱི་ཚོགས་ཀྱི་གསོན་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་དང་། སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞི་བཅས་སྔར་ལས་ལེགས་པའི་སྒོ་ནས་འཚམ་པོ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་བྱེད་པར་འཆར་འགོད་ལ་མཐོང་ཆེན་བྱེད་དགོས་པ་དང་དོན་འཁྱོལ་ལ་དེ་ལས་ཀྱང་མཐོང་ཆེན་བྱེད་དགོས་ལ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྱུར་ལ་དོན་འཁྱོལ་དམ་འཛིན་བྱེད་དགོས། ལས་རིགས་སོ་སོའི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་དུམ་འདིས། སྐྱོད་ལམ་གསར་པའི་སྟེང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་། བཅོས་སྒྱུར་གྱི་སྟོབས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་ཁག་སེལ་བའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་ཡོད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མཐར་གཏུགས་ནས་བཤད་ན། མི་དམངས་ལ་འཚོ་བ་སྔར་ལས་ཡག་པོ་རོལ་དུ་འཇུག་ཆེད་ཡིན་པས། མི་དམངས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་དང་རྩ་བའི་ཁེ་ཕན། ཕུགས་ཀྱི་ཁེ་ཕན་བཅས་ལ་དམིགས་ཏེ། བཅོས་སྒྱུར་ལས་དོན་ལ་འཆར་འགོད་དང་སྐུལ་འདེད་གཏོང་དགོས་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།