རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉིན་འགའི་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མཚན་བཀོད་ནས《རྒྱལ་དབང་ཁེ་ལས་ཀྱི་དོ་དམ་མི་སྣའི་ཆད་གཅོད་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། སྲོལ་ཡིག་དེ2024ལོའི་ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
《སྲོལ་ཡིག》ནང་ཁྱོན་བསྡོམས་ལེའུ7དང་དོན་ཚན52ཡོད་པ་དང་། གཙོ་བོ་གཤམ་གསལ་གྱི་ནང་དོན་གཏན་འབེབས་བྱས་ཡོད། གཅིག་ནི་ཆད་པ་གཅོད་པའི་བྱ་བའི་རྩ་དོན་ཁ་གསལ་བཟོ་དགོས། རྒྱལ་དབང་ཁེ་ལས་ཀྱི་དོ་དམ་མི་སྣར་ཆད་པ་གཅོད་པའི་བྱ་བར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། གཉིས་ནི་བཀོལ་སྤྱོད་བྱ་ཡུལ་གྱི་ཁྱབ་ཁོངས་ཁ་གསལ་བཟོ་དགོས། ལྟ་ཞིབ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་གིས་རྒྱལ་དབང་ཁེ་ལས་ཀྱི་དོ་དམ་མི་སྣའི་དབྱེ་མཚམས་ཕྱེས་པ་དེ་མུ་མཐུད་དུ་སྤྱོད་དགོས། གསུམ་ནི་ཆད་པ་གཅོད་པའི་རིགས་དང་དེའི་བཀོལ་སྤྱོད་ཚད་ལྡན་དུ་གཏོང་དགོས། དོ་དམ་ནན་མོ་དང་བརྩེ་སེམས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། བཞི་ནི་རྒྱལ་དབང་ཁེ་ལས་དོ་དམ་མི་སྣའི་ཁྲིམས་འགལ་བྱ་སྤྱོད་དབྱེ་འབྱེད་ཞིབ་བྱ་དགོས། རྒྱལ་དབང་ཁེ་ལས་གཉེར་སྐྱོང་དོ་དམ་བྱེད་སྐབས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་འབྱུང་སླ་ཞིང་མང་བ་དང་། གཞུང་ཞབས་པའི་སྲིད་དོན་ཆད་པ་གཅོད་པའི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་འབྲེལ་ཡོད་ཁྲིམས་འགལ་བྱ་སྤྱོད་དེ་ཁྲིམས་འགལ་གྱི་གནས་ཚུལ་ཁག51ལ་ཇེ་ཞིབ་ཏུ་བཏང་ཡོད་པར་མ་ཟད། དེ་མཚུངས་ཀྱི་ཆད་པ་གཅོད་རྒྱུ་ཁ་གསལ་བཏང་ཡོད། ལྔ་ནི་རྒྱལ་དབང་ཁེ་ལས་ཀྱི་དོ་དམ་མི་སྣར་ཆད་པ་གཅོད་པའི་བྱ་བར་ལྟ་སྐུལ་ཚོད་འཛིན་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།
ཤ་བོ་གསེར་མཚོས་བསྒྱུར།