རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས28ཉིན་པེ་ཅིང་དུ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་དཔོན་པུའུ་ཨན་ལ་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་རི་ཆུ་འདྲེས་པའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བས་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པའི་ལེའུ་གསར་པ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་བར་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་དུ་འཕེལ་རྒྱས་གསར་པ་ལེན་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ་རང་སོ་སོའི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་འདོད་ཡོད་ཅེས་གསུངས།
པུའུ་ཨན་གྱིས་བསྟན་དོན། ཀྲུང་གོ་ནི་ཧིན་རྡུ་ཉི་ཞི་ཡའི་མཉམ་ལས་ཟླ་གྲོགས་གལ་ཆེན་ཞིག་ཡིན། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་རེད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་གང་ལེགས་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱི་དཔལ་འབྱོར་དང་མི་གཞུང་། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་འདོད་ཡོད། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས།
ཧྲི་ཐའེ་ཧྥིན་དང་ཧྲའོ་ཧུང་སོགས་ཐུག་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།