རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས28ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་དཔོན་པུའུ་ཨན་དང་གྲོས་མོལ་མཛད།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཙའོ་ཁི་ཡི་འཐབ་ཇུས་སྣེ་ཁྲིད་འོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོ་དང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་ནས་ལས་སྐལ་གཅིག་མཐུན་ཚོགས་མཉམ་སྐྲུན་བྱེད་པའི་དུས་མཚམས་གསར་པར་སླེབས་ཡོད། སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་རྩ་བའི་བསྲུང་བྱར་བྱེད་པ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ། ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་ཆུ་ཚད་མཐོ་བའི་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡི་བསྟན་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འཕེལ་རྒྱས་འདུ་ཤེས་གཅིག་མཐུན་དང་། ཐུན་མོང་གི་ཁེ་ཕན་རྒྱ་ཆེ་བ། མདུན་ལམ་དང་ལས་དབང་འབྲེལ་ཡོད་པས། ཕྱོགས་གཉིས་ཀྱིས་ཆུ་ཚད་མཐོ་བའི་འཐབ་ཇུས་ཀྱི་ཡིད་ཆེས་སྲ་བརྟན་དུ་བཏང་ནས་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་ལ་རྒྱབ་སྐྱོར་གང་ལེགས་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ཧིན་རྡུ་ཉི་ཞི་ཡའི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱ་རྒྱུར་མུ་མཐུད་དུ་ཤུགས་བསྣན་ནས་མི་གཞུང་བརྗེ་རེས་ཀྱི་སྣང་ཚུལ་བཟང་བ་དང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་སྤྱི་ཚོགས་ཀྱི་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ད་ལོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་སྤེལ་ནས་ལོ70འཁོར་བའི་ལོ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་སོགས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ལག་བསྟར་བྱེད་པ་དང་། མཐུན་སྒྲིལ་དང་། མཛའ་མཐུན། མཉམ་ལས་བཅས་ཀྱི་ཝན་ལུང་སྙིང་སྟོབས་དར་སྤེལ་བཏང་ནས་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མུ་མཐུད་དུ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་དང་རིམ་པ་མང་པོ་དང་ཁྱབ་ཁོངས་མང་པོའི་འབྲེལ་གཏུག་འགྲོ་འོང་བྱེད་པ་དང་། ཁྲིམས་འཛུགས་སྒྲིག་གཞིའི་མཐོ་རིམ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་། བྱ་བའི་སྒྲིག་གཞི་བཅས་བར་གྱི་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། བུད་མེད་དང་། ན་གཞོན་འཐུས་མི། གྲོས་མི་བཅས་བར་འགྲོ་འོང་བྱེད་པར་སྐུལ་མ་གཏོང་བ། ཁྲིམས་སྐྱོང་འཛུགས་སྐྲུན་དང་། དཔལ་འབྱོར་འཕེལ་རྒྱས། འཚོ་ཚིས་ཇེ་ལེགས་སུ་གཏོང་བ་སོགས་ལ་དམིགས་ནས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་སྟེ་རྒྱལ་ཁབ་སོ་སོའི་གྲོས་ཚོགས་མནའ་འབྲེལ་སོགས་ཕྱོགས་མང་ལམ་སྲོལ་འོག་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་འདོད་ཡོད་ཅེས་གསུངས།
པུའུ་ཨན་གྱིས་བསྟན་དོན། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། དེ་ནི་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བ་གོ་སྐབས་སུ་བྱས་ཏེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། བཅའ་ཁྲིམས། རྒྱ་མཚོ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཛའ་མཐུན་འགྲོ་འོང་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ཁྲིམས་འཛུགས་སྒྲིག་གཞིའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཟེར།
ཏེན་ཀྲུང་ལིས་གྲོས་མོལ་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།