ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ5པའི་ཚེས27ཉིན་གྱི་ཕྱི་དྲོར་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་བཞི་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་ནི། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ལས་ཞུགས་བྱ་བའི་ངེས་གནས་གསར་པ་དང་འགན་འཁྲི་གསར་པ་ཡིན་པས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། ངལ་རྩོལ་པས་རང་བདག་ལས་ཞུགས་བྱེད་པ་དང་ཚོང་རས་ལས་ཞུགས་སྙོམ་སྒྲིག་བྱེད་པ། སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ལས་སྐྲུན་ལ་སྐུལ་སློང་བྱེད་པའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ལས་ཞུགས་ཐད་ཀྱི་སྤུས་ཚད་ཀྱི་ཕན་ཡོད་མཐོར་འདེགས་དང་གྲངས་ཚད་ཀྱི་ལུགས་མཐུན་འཕར་སྣོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། རྒྱ་ཆེའི་ངལ་རྩོལ་པའི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མ་ཆད་པར་ཇེ་མཐོར་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།
ཀྲུང་གོའི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཚན་རིག་ཞིབ་འཇུག་གླིང་གི་གླིང་གཙོ་མའོ་རུང་གིས་གནད་དོན་དེའི་ཐད་ནས་འགྲེལ་བཤད་བྱས་པ་དང་བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་འགྲེལ་བཤད་ལ་ནན་ཏན་སྒོས་ཉན་པར་མ་ཟད་གྲོས་སྡུར་བྱས།
ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་སྡུར་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ལས་ཞུགས་ནི་ཆེས་གཞི་རྩའི་དམངས་ཚིས་ཡིན་པ་དང་། དེ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བ་ཡོད་ལ། དཔལ་འབྱོར་སྤྱི་ཚོགས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་ཡུན་སྐྱོང་བདེ་འགོད་བྱེད་པར་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ལས་ཞུགས་བྱ་བ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་འབུར་ཐོན་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱས་པ་དང་། ལས་ཞུགས་ཐད་ཀྱི་སྲིད་ཇུས་བཟང་བོ་ཇེ་དྲག་ཏུ་བཏང་ལ། ལས་ཞུགས་སྐུལ་འདེད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ལ། གནོན་ཤུགས་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་བཟང་བོ་འཇལ་བས། གྲོང་གསེབ་ཀྱི་ལོ་རེའི་ཆ་སྙོམས་ཀྱི་ལས་ཞུགས་མི་གྲངས་བྱེ་བ་གཅིག་དང་ས་ཡ་གསུམ་འཕར་སྣོན་བྱུང་བ་དང་། དམངས་ཚིས་ལེགས་སྒྱུར་དང་དཔལ་འབྱོར་འཕེལ་རྒྱས་ཐད་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས། ལག་ལེན་ཁྲོད་དུས་རབས་གསར་པའི་ལས་ཞུགས་བྱ་བའི་ཆོས་ཉིད་ཀྱི་ངོས་འཛིན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་སོང་བ་དང་། ཉམས་མྱོང་མང་པོ་བསྡུ་གསོག་བྱས། དེའི་ཁྲོད། ལས་ཞུགས་དེ་དམངས་ཚིས་ཀྱི་གཞི་རྩ་རུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ལས་ཞུགས་གཙོར་འཛིན་པའི་འཐབ་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ལ་རྒྱབ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། ལས་ཞུགས་ཀྱི་ཤོང་ཚད་རྒྱ་བསྐྱེད་པ་དང་ལས་ཞུགས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་དམ་འཛིན་འབུར་དུ་ཐོན་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ལས་སྐྲུན་གྱིས་ལས་ཞུགས་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ། འདྲ་མཉམ་གྱི་ལས་ཞུགས་ཁོར་ཡུག་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱེད་པ། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་སོགས་འདུ། ཉམས་མྱོང་དེ་དག་ཧ་ཅང་རྩ་ཆེ་བས། དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པར་མ་ཟད་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། སྔར་ལས་རང་རྟོགས་སྒོས་སྤུས་ཚད་མཐོ་བའི་ལས་ཞུགས་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་གཙོ་བོར་བརྩི་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དེ་ལས་ཞུགས་ཀྱི་སྤུས་འདེགས་རྒྱ་སྐྱེད་གོ་རིམ་དུ་འགྱུར་བར་བྱས་ནས། འཕེལ་རྒྱས་ཀྱི་ལས་ཞུགས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས། ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་མཐོར་འདེགས་སུ་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་འཕེལ་རྒྱས་སུ་གཏོང་བ། མ་འོངས་ཐོན་ལས་བཀོད་སྒྲིག་འཛུགས་སྐྲུན་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་ལས་ཞུགས་ལས་རྐང་སྔར་ལས་མང་པོ་ཧུར་ཐག་གིས་གསར་སྐྲུན་བྱེད་དགོས། ལས་ཞུགས་ཀྱི་ནུས་པ་ཆེན་པོ་ལྡན་པའི་ཐོན་ལས་དང་ཁེ་ལས་འཕེལ་རྒྱས་སུ་གཏོང་བ་དང་ནང་འགུག་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ལས་ཞུགས་ཀྱི་ཤོང་ཚད་བརྟན་འཇགས་གཏོང་བ་དང་རྒྱ་བསྐྱེད་དགོས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་མི་དམངས་མང་ཚོགས་ཀྱི་སྤུས་ལེགས་འཚོ་བའི་ཐད་ཀྱི་རེ་འདུན་གསར་པ་གཞིར་བཟུང་ནས། ལས་རྣམ་གསར་པ་དང་མ་དཔེ་གསར་པ་འཕེལ་རྒྱས་སུ་གཏོང་བ་དང་། ལས་རིགས་ཀྱི་རིམ་སྟར་སྔོག་འདོན་དང་སྐྱེད་སྲིང་བྱས་ནས། ལས་ཞུགས་ཀྱི་འཕར་སྣོན་གནས་གསར་པ་གསར་སྤེལ་བྱེད་དགོས། སྲིད་ཇུས་གལ་ཆེན་དང་ལས་གཞི་གལ་ཆེན། ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་སྒྲིག་གལ་ཆེན་གྱིས་ལས་ཞུགས་ཐད་ཐེབས་པའི་ཤུགས་རྐྱེན་ལ་དཔྱད་འཇོག་བྱེད་པར་ཤུགས་སྣོན་པ་དང་། ནོར་སྲིད་དང་དངུལ་ལོར། དངུལ་གཏོང་། འཛད་སྤྱོད། ཐོན་ལས། ཁུལ་ཁོངས་སོགས་ཀྱི་སྲིད་ཇུས་དང་ལས་ཞུགས་སྲིད་ཇུས་བཅས་མཐུན་སྦྱོར་མཉམ་འབྲེལ་བྱེད་པ་དང་ཕྱོགས་གཅིག་ཤུགས་འདོན་བྱེད་པར་སྐུལ་འདེད་བཏང་སྟེ། ལས་ཞུགས་མཛའ་མཐུན་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པར་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། བྱང་ཚད་མཐོ་བ་དང་སྤྱི་གྲངས་མང་བ། གྲུབ་ཚུལ་ལེགས་སྒྱུར་དང་གྲུབ་ཚུལ་ལུགས་མཐུན་གྱི་དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་མྱུར་དུ་གསར་བཟོ་བྱེད་པ་དང་། མི་ཤུགས་ཐོན་ཁུངས་ཀྱི་མཁོ་སྤྲོད་ཆ་མཐུན་མིན་པའི་གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་རྩོད་ཐག་གཅོད་བཟང་བོ་བྱེད་དགོས། སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་སྒྱུར་ལ་མཐུན་པར་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མི་ཤུགས་ཐོན་ཁུངས་འཕེལ་རྒྱས་ཀྱི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ། སློབ་གསོ་དང་གསོ་སྦྱོང་། ལས་ཞུགས་དམ་འཛིན་བྱེད་པར་གཅིག་འདོམས་བྱེད་པ། མཐོ་རིམ་སློབ་གསོའི་ཆེད་ལས་དང་ཐོན་ཁུངས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ལས་རིགས་སློབ་གསོ་འཕེལ་རྒྱས་སུ་བཏང་ནས། མི་ཚེ་ཧྲིལ་བོའི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། མཁོ་སྤྲོད་སྦྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། མི་དང་ལས་རྐང་ཕན་ཚུན་འཚམ་པར་བྱེད་པ་དང་མིའི་འཇོན་ཐང་མངོན་པར་བྱས་ཏེ། ལས་ཞུགས་ཀྱི་སྤུས་ཚད་དང་བརྟན་འཇགས་རང་བཞིན་ཇེ་མཐོར་གཏོང་དགོས། དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ལས་ཞུགས་ལྟ་བ་ཡང་དག་འཛུགས་པར་སྣེ་ཁྲིད་བྱས་ནས། ལས་ཀ་འདེམ་པའི་འདུ་ཤེས་གསར་པར་བརྟེན་ནས་ལས་ཞུགས་ཀྱི་བར་སྟོང་གསར་པ་འབྱེད་དགོས། ལས་རིགས་ཁ་ཤས་སུ་ལས་བཟོ་པ་དཀོན་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཟབ་མོ་བྱེད་པ་དང་། ལས་ཀ་ཡོད་ཀྱང་མི་མེད་པའི་སྣང་ཚུལ་ཐག་གཅོད་པ་བརྒྱུད་དེ། མི་ཡོད་ཀྱང་ལས་ཀ་མེད་པའི་གནད་དོན་ཐག་གཅོད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་ཚོགས་གཙོ་བོའི་ལས་ཞུགས་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་མི་ཚོགས་ཀྱི་ལས་ཞུགས་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། རང་སོ་སོའི་འཇོན་ཐང་མངོན་ཐུབ་པའི་ལས་ཞུགས་ལས་རྐང་སྔར་ལས་མང་པོ་གསར་སྤེལ་བྱེད་པ་དང་། ན་གཞོན་རྣམས་ཁྱབ་ཁོངས་གཙོ་བོ་དང་ལས་རིགས་གཙོ་བོ། མཁར་གྲོང་གཞི་རིམ་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དུ་སོང་ནས་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་སློང་བྱས་ནས། ཚོང་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་དགོས། རྣམ་པ་གསར་པའི་གྲོང་གསེབ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་ཟུང་འབྲེལ་བྱེད་པ་དང་། ཕྱིར་སྐྱོད་ལས་ཞུགས་དང་རང་ས་དང་ཉེ་འགྲམ་ནས་ལས་ཞུགས་བྱེད་པ་གཉིས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཐབས་མང་མཉམ་སྤྱོད་ཀྱིས་ཞིང་པ་ཞོར་ལས་པའི་ལས་ཞུགས་ཐད་སྐུལ་འདེད་བཏང་སྟེ། ས་གཞན་དུ་ཡོད་པའི་ཤེས་ལྡན་མི་སྣ་ཕྱིར་ཕ་ཡུལ་དུ་ལོག་པ་དང་གྲོང་ཁྱེར་གྱི་ཤེས་ལྡན་མི་སྣ་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པར་སྣེ་ཁྲིད་བྱེད་དགོས། དབུལ་ཐར་མི་གྲངས་ཀྱི་ངལ་རྩོལ་གཞི་ཁྱོན་དང་ངལ་རྩོལ་ཡོང་སྒོ་བརྟན་འཇགས་སུ་བཏང་ནས། ལས་ཀ་ཤོར་བའི་དབང་གིས་ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་དགོས། ལོ་ཆེ་བའི་མི་དང་དབང་བོ་སྐྱོན་ཅན། དུས་ཡུན་ཅུང་རིང་བོར་ལས་ཀ་ཤོར་བ་སོགས་ཀྱི་ལས་ཞུགས་ཐད་དཀའ་ཁག་ཆེ་བའི་མི་ཚོགས་ལ་རོགས་སྐྱོར་བྱེད་པར་ཤུགས་སྣོན་པ་དང་། སྤྱི་ཕན་རང་བཞིན་གྱི་ལས་རྐང་བཀོལ་སྤྱོད་བཟང་བོ་བྱས་ཏེ། ལས་ཞུགས་བྱེད་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང་དུ་ལས་ཞུགས་བྱེད་མཁན་ཡོད་པར་ཁག་ཐེག་བྱེད་དགོས། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་དང་བུད་མེད་སོགས་མི་ཚོགས་ཀྱི་ལས་ཞུགས་བྱ་བ་བཟང་བོར་བསྒྲུབ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ལས་ཞུགས་སྒྲིག་གཞི་རྐྱེན་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། ལས་ཞུགས་སྤྱི་ཐུན་ཞབས་ཞུའི་ལམ་ལུགས་ལེགས་སྒྱུར་བྱེད་པ་དང་། ལས་ཞུགས་སྤྱི་ཐུན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། ལས་སྐྲུན་གྱིས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལས་སྐྲུན་ཞབས་ཞུ་ལེགས་སྒྱུར་བྱས་ཏེ། ལས་སྐྲུན་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། གཅིག་གྱུར་ཚད་ལྡན་གྱི་མི་ཤུགས་ཐོན་ཁུངས་ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། འདྲ་མཉམ་ལས་ཞུགས་ཀྱི་ཁོར་ཡུག་བསྐྲུན་ནས། མི་ཚང་མར་རང་ཉིད་ཀྱི་འབད་འཐབ་བརྒྱུད་དེ་རང་སྟེང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གོ་སྐབས་སྟེར་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལ་ཤུགས་སྣོན་དགོས། ངལ་རྩོལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་ཀྱི་རྣམ་པ་གསར་པའི་ངལ་རྩོལ་ཚད་གཞི་ཚད་ལྡན་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་ནས། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས། རང་དབང་ལས་ཞུགས་དང་ལས་ཞུགས་ཀྱི་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལ་ཤུགས་སྣོན་པ་དང་། ལས་རིགས་ཀྱི་གནོད་འཚེར་འགན་སྲུང་ཚོད་ལྟ་རྒྱ་བསྐྱེད་དེ། དུས་ཐོག་ཏུ་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་ལམ་ལུགས་གྲུབ་པར་བྱེད་དགོས། ཚོང་རའི་ལྟ་སྐུལ་དོ་དམ་དང་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཁྲིམས་འཛིན་ལ་ཤུགས་བསྣན་ནས། ལས་ཞུགས་ཐད་ཀྱི་སྣང་ཆུང་དང་ཟླ་ཕོགས་དང་ཉེན་སྲུང་དངུལ་ཆད་འཇོག ཁྲིམས་དང་འགལ་ནས་མི་སྣ་ཉུང་འཕྲི་བྱེད་པ་སོགས་ཀྱི་སྣང་ཚུལ་ལ་ཕན་ཡོད་བཅོས་སྐྱོང་བྱེད་དགོས།
ཞི་ཅིན་ཕིང་གིས་མཇུག་མཐར་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལས་ཞུགས་དེ་དམངས་ཚིས་ཀྱི་དོན་དག་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། བྱ་བའི་མཉམ་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཀྲུང་གོའི་ལས་ཞུགས་གཞུང་ལུགས་མ་ལག་མྱུར་དུ་བཙུགས་ཏེ། རང་རྒྱལ་གྱི་ལས་ཞུགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྨྲ་བརྗོད་དབང་ཆ་དང་ཤན་ཤུགས་ཕན་པ་ལྡན་པའི་སྒོ་ནས་མཐོར་འདེགས་སུ་གཏོང་དགོས།
རིན་ཆེན་མཚོས་བསྒྱུར།