ཏེན་ཞུའེ་ཞང་ཁུན་མེན་སྐྱེ་དངོས་སྣ་མང་རང་བཞིན་ཐེབས་རྩ་མཉམ་ལས་གྲོས་མཐུན་འགོད་པའི་བྱེད་སྒོར་ཞུགས།
2024.05.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 28

ཚེས28ཉིན། ཀྲུང་གོ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ཁུན་མེན་སྐྱེ་དངོས་སྣ་མང་རང་བཞིན་ཐེབས་རྩ་མཉམ་ལས་གྲོས་མཐུན་འགོད་པའི་བྱེད་སྒོར་ཞུགས་ནས་ཞུ་ཚིག་ཕུལ།

ཏེན་ཞུའེ་ཞང་གིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཛུབ་སྟོན་འོག ཀྲུང་གོ་བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་བཞིན་ཡོད་ལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད། ཀྲུང་གོ་དེ་སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐེངས་བཅོ་ལྔ་བའི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཁུང་མེན་དང་མིན་ཐི་ལིས་ཨར་འཛམ་གླིང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི་ལེགས་འགྲུབ་འབྱུང་བར་སྣེ་ཁྲིད་དེ། སྔོན་ལ་མ་དངུལ་བཏང་ནས་ཁུང་མེན་སྐྱེ་དངོས་སྣ་མང་རང་བཞིན་ཐེབས་རྩ་བཙུགས་ནས། འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་གལ་ཆེན་བཞག

ཏེན་ཞུའེ་ཞང་གིས་འབྲེལ་ཡོད་ཕྱོགས་སོ་སོས་ཁུང་མེན་སྐྱེ་དངོས་སྣ་མང་རང་བཞིན་ཐེབས་རྩ་མགོ་བརྩམས་པ་གོ་སྐབས་སུ་བྱས་ཏེ། ལག་རྡང་སྦྲེལ་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དང་། སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་པའི་རེ་འདོད་བསྟན་ནས།  གཙོ་གནད་དམིགས་འབེན་གཅིག་སྡུད་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་། རྒྱུན་མཐུད་ཐུབ་པའི་བེད་སྤྱོད། ཁེ་ཕན་མཉམ་སྤྱོད་སོགས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་མངོན་འགྱུར་བྱེད་པར་རོགས་ཤུགས་འདོན་དགོས། དངོས་གཉེར་འགུལ་སྤྱོད་སྤེལ་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཁུང་མེན་དང་མིན་ཐི་ལིས་ཨར་སྒྲོམ་གཞི་མངོན་འགྱུར་བྱེད་པར་མ་དངུལ་དང་། ལག་རྩལ། ནུས་པ་བཅས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱི་ཅན་གྱི་འཁོར་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འབྲེལ་ཡོད་རྒྱལ་ཁབ་དང་ལས་ཁུངས། རྩ་འཛུགས་བཅས་ཀྱིས་ཁུང་མེན་སྐྱེ་དངོས་སྣ་མང་རང་བཞིན་ཐེབས་རྩའི་ཕྱོགས་ལ་མ་དངུལ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་པར་མ་ཟད། ཁུང་མེན་དང་མིན་ཐི་ལིས་ཨར་སྒྲོམ་གཞིའི་དམིགས་འབེན་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གསུངས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མེན་ནཱ་ཡིས་བརྙན་རིས་ཞུ་ཚིག་ཕུལ་བ་དང་།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རིན་ཨན་ནོ་ཧྲིན་བྱ་འགུལ་ཞུགས་ནས་ཞུ་ཚིག་ཕུལ། ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་པུའུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་མཉམ་ལས་གྲོས་མཐུན་བཀོད།

གྲོས་མཐུན་འགོད་པའི་བྱ་འགུལ་མ་སྤེལ་གོང་དུ། ཏེན་ཞུའེ་ཞང་གིས་ཨན་ནོ་ཧྲིན་དང་མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་མང་ཡིད་རྟོན་ཐེབས་རྩ་གཞུང་སྒྲུབ་ཁང་གི་འགན་ཁུར་པ་ཁཱ་ནཱ་ཝ་ལིས་གཉིས་ལ་ཐུག་འཕྲད་གནང་།

རིག་འཛིན་སྒྲོལ་མས་བསྒྱུར།