ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་བྱས།
2024.05.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

 ཟླ5པའི་ཚེས27ཉིན་ནས་ཚེས28ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་དང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ།  ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་དང་། རྒྱལ་ཁབ་ཀྱི་སྤྱིའི་ཕྱི་ཕྱོགས་འབྲེལ་བའི་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་བ། མཚོ་སྔོན་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་མཛའ་མཐུན་འགྲོ་འོང་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ།

འཚམས་འདྲི་བྱེད་སྐབས།  ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་མཱ་ཁི་ཐུའུ་མུའུ་ཉི་ནུས་གླིང་ཁུལ་དང་མུའུ་པ་ཏཱ་ལ་ཀུང་སིར་རྟོག་ཞིབ་བྱས། ཁོས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨ་རབ་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བའི་ལོ་ཡིན་ཞིང་།  རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་སྣེ་ཁྲིད་འོག  ཀྲུང་གོ་དང་ཨ་རབ་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། མིག་སྔར་མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།  རྒྱུད་གཅིག་ལམ་གཅིག་གི་ཁྲོད་མཉམ་འདྲེས་གཏིང་ཟབ་བྱས་ནས།  ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བཞིན་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཕྱོགས་དང་ཡུན་རིང་གི་མཛའ་མཐུན་མཉམ་ལས་ལམ་སྲོལ་བཙུགས་ནས། ནུས་ཁུངས་གཙང་མ་དང་ལྗང་མདོག་ཐཱན་ཉུང་སོགས་ཀྱི་ཐད་ཀྱི་ཐོན་ལས་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་རྒྱ་བསྐྱེད་པ།  ནུས་ཆེའི་སྒོ་འབྱེད་གྲུབ་འབྲས་གསར་གཏོད་བྱེད་པ།  ཆུ་ཚད་མཐོ་བའི་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ།  མཉམ་ལས་བརྗེ་རེས་ཀྱི་ལེའུ་གསར་པ་མཉམ་དུ་འབྲི་དགོས།

རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་དབུས་ཤར་བྱང་གསུམ་གྱི་ས་ཁོངས་མིན་པའི་འཐུས་མི་ཁྲུའུ་ནས།  ཝུའུ་ཞའོ་ཅུན་གྱིས་རྒྱལ་ཁབ་གློག་དྲ་དང་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས།  ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་སྡེ་ཚོགས།  ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་སྡེ་ཚོགས།  ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་བགྲོ་གླེང་བྱས་ཏེ།  ཁེ་ལས་ཁག་གིས་ཕྱི་རྒྱལ་དུ་མ་དངུལ་གཏོང་བའི་འཕེལ་རྒྱས་དང་མཉམ་ལས་བརྗེ་རེས་ཟབ་སྤེལ་བྱེད་པའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་།  དུས་ཡུན་རིང་པོར་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་ཉམས་མྱོང་དང་བྱེད་ཐབས་ཁྱབ་གདལ་དུ་གཏོང་བ་དང་། མཚོ་སྔོན་གྱི་ཐོན་ལས་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ་གྲུབ་འབྲས་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན།

རྒྱལ་སྤྱིའི་སླར་སྐྱེས་ཐུབ་པའི་ནུས་ཁུངས་ཧྲུའུ་ནི་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ལྡན་པའི་སླར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན། ཝུའུ་ཞའོ་ཅུན་གྱིས་རྒྱལ་སྤྱིའི་སླར་སྐྱེས་ཐུབ་པའི་ནུས་ཁུངས་ཧྲུའུ་ཡི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལྕམ་མོ་ཀའོ་ལིས﹒ཞི་ཀིར་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་ཡོངས་ཀྱི་སླར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱི་ཁྲོམ་ར་ཆེ་ཤོས་ཡིན་པ་དང་། མཚོ་སྔོན་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་སླར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱི་གཙོ་ཤུགས་དམག་གི་གྲས་ཤིག་ཡིན་པས། བརྗེ་རེས་དང་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་སྔར་ལས་རྒྱ་ཁྱབ་ཆེ་བའི་མཉམ་ལས་བརྗེ་རེས་ཀྱི་སྟེགས་བུ་ཞིག་བསྐྲུན་པའི་རེ་བ་བྱེད་བཞིན་ཡོད།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དུ་འཚམས་འདྲི་བྱེད་པའི་སྐབས་སུ། ཝུའུ་ཞའོ་ཅུན་གྱིས་ད་དུང་ཨ་རབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་། ཏིས་པེ་སྤྱིའི་གཞུང་ཚབ་ཁང་གི་འགན་འཁུར་མི་སྣ་དང་བརྗེ་རེས་གཏིང་ཟབ་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་།  ཁོ་ཚོས་སྔར་བཞིན་མཚོ་སྔོན་ལ་དོ་ཁུར་དང་། མཚོ་སྔོན་ལ་རྒྱབ་སྐྱོར། མཚོ་སྔོན་མཚམས་སྦྱོར་བཅས་བྱས་ཏེ། མཚོ་སྔོན་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། རིག་གནས་ཡུལ་སྐོར། སློབ་གསོ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས་པའི་རེ་བ་བཏོན།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།