རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ5པའི་ཚེས29ཉིན་གྱི་སྔ་དྲོར། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨའོ་པིས་ཨང་ལ་མཇལ་འཕྲད་གནང་།
ཟླ5པའི་ཚེས29ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨའོ་པིས་ཨང་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡ་ནི་སྤུན་ཟླ་ལྟ་བུའི་མཛའ་གྲོགས་ཡིན། ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ54འགོར་བའི་རིང་ལ། ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྒྱབ་ལྗོངས་མངོན་གསལ་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་སང་སྐུ་ཞབས་ཙུང་ཐུང་དང་གྲུབ་འབྲས་ལྡན་པའི་ཐུག་འཕྲད་གནང་བ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་མཐོ་རུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའེ་ནེ་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཟམ་མི་ཆད་པར་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་ཐིག་དམར་ཀུའེ་ནེ་ཡའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་དང་། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ལམ་བུ་རང་བདག་ངང་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཕྱོགས་གཉིས་བར་ལེགས་ཆ་གསབ་རེས་དང་མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའེ་ནེ་ཡ་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ད་ཡོད་མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱ་མཚོའི་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། ཞིང་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ལྡན་པ་དང་མཚན་སྙན་ལྡན་པའི་ཀྲུང་གོའི་ཁེ་ལས་ཐིག་དམར་ཀུའེ་ནེ་ཡར་དངུལ་གཏོང་དང་ལས་གཉེར་བྱེད་པར་བསྐྱོད་ནས་གཞུང་སྒེར་མཉམ་གཉེར་དང་དངུལ་གཏོང་འཛུགས་སྐྲུན་ལས་གཉེར་གཞི་གཅིག་ཅན་སོགས་མཉམ་ལས་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ་ཐིག་དམར་ཀུའེ་ནེ་ཡའི་བཟོ་ལས་ཅན་མངོན་འགྱུར་ཡོང་རྒྱུར་རོགས་རམ་སྔར་ལས་མང་པོ་འདོན་སྤྲོད་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའེ་ནེ་ཡ་དང་སྨན་བཅོས་དང་། སློབ་གསོ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ཏེ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཟླ་གྲོགས་བྱེད་དགོས་ཞེས་གསུངས།
ཨའོ་པིས་ཨང་གིས་བསྟན་དོན། ཀྲུང་གོ་ནི་ཐིག་དམར་ཀུའེ་ནེ་ཡའི་ཡིད་རྟོན་རུང་བའི་འཐབ་ཇུས་མཉམ་ལས་ཟླ་གྲོགས་ཤིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྲོས་མོལ་གྱི་རྨང་གཞིའི་ཐོག་བཙུགས་ཡོད། ཐིག་དམར་ཀུའེ་ནེ་ཡས་ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའེ་ནེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་རྨང་གཞིའི་འཛུགས་སྐྲུན་དང་། འཕྲོད་བསྟེན། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཐིག་དམར་ཀུའེ་ནེ་ཡས“2035ལོའི་རྒྱང་རིང་འཆར་འགོད”ལེགས་འགྲུབ་བྱ་རྒྱུར་རོགས་རམ་བྱས་ཏེ་དཔལ་འབྱོར་སྣ་མང་ཅན་ལ་སྐུལ་འདེད་བཏང་ནས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་ཐིག་དམར་ཀུའེ་ནེ་ཡར་དངུལ་གཏོང་ལས་གཉེར་བྱེད་དུ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཐིག་དམར་ཀུའེ་ནེ་ཡས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”སོགས་ཀྱི་འདུ་ཤེས་གལ་ཆེན་དང་གོ་ལ་ཧྲིལ་པོའི་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས། ཀུའེ་ནེ་ཡ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་གོ་ཁྱོན་ཡོངས་ནས་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། “ཐའེ་ཝན་རང་བཙན”གྱི་བྱ་འགུལ་རྣམ་པ་གང་རུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད་ཟེར།
ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།