ཞི་ཅིན་ཕིང་གིས་སྔར་ལས་ལྷག་པའི་སྒོ་ནས་བཟང་བ་བཞིའི་གྲོང་གསེབ་ཀྱི་ལམ་འཛུགས་སྐྲུན་ལེགས་པོ་བྱེད་པར་མཛུབ་སྟོན་གལ་ཆེན་གནང་།
2024.05.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 29

 ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་སྔར་ལས་ལྷག་པའི་སྒོ་ནས་བཟང་བ་བཞིའི་གྲོང་གསེབ་ཀྱི་ལམ་འཛུགས་སྐྲུན་ལེགས་པོ་བྱེད་པའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ཉེ་བའི་ལོ་ཤས་རིང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ།  བཟང་བ་བཞིའི་གྲོང་གསེབ་ཀྱི་ལམ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཞིང་པ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་སོང་ནས།  གྲོང་གསེབ་ཀྱི་གཞུང་ལམ་དེ་མང་ཚོགས་སྒོ་འགྲམ་གྱི་ཕྱུག་འགྱུར་གྱི་ལམ་དང་། སེམས་འབྲེལ་གྱི་ལམ།  བདེ་སྐྱིད་ཀྱི་ལམ་བཅས་སུ་གྱུར་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་སྐྱོད་ལམ་གསར་པར་རྒྱུན་མཐུད་ངང་ནུས་ཤུགས་འདོན་པ་དང་། ཡུན་རིང་བྱས་རྗེས་འཇོག་པ།  སྲིད་ཇུས་དང་ཁྲིམས་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། བཅོས་སྐྱོང་ནུས་པ་ཇེ་ཆེར་གཏོང་བ། སྐོར་ཐེངས་གསར་བའི་གྲོང་གསེབ་ཀྱི་གཞུང་ལམ་ཇེ་ལེགས་སུ་གཏོང་བའི་བྱ་སྤྱོད་ལག་བསྟར་ཡག་པོ་བྱེད་པ། བཟང་བ་བཞིའི་གྲོང་གསེབ་ལམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ།  འཚོ་སྡོད་དང་ལས་ལ་འཚམ་པའི་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ལ་རམ་འདེགས་བཅས་བྱས་ནས།  ཞིང་པ་དང་གྲོང་གསེབ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ།  ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཞབས་ཞུའི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

2024ལོར་བཟང་བ་བཞིའི་གྲོང་གསེབ་ལམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡུལ་དངོས་ཚོགས་འདུ་ཚེས29ཉིན་ཀྲེ་ཅང་ཧྲའོ་ཞིན་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་གྱིས་གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས། ཧི་ལིས་ཧྥིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་དུས་རབས་གསར་པའི་སྐྱོད་ལམ་གསར་པའི་བཟང་བ་བཞིའི་གྲོང་གསེབ་ལམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་བསྲུང་བྱ་མཁོ་འདོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  དོན་ངོ་མའི་ཐོག་ནས་འགན་འཁྲི་ཁུར་སེམས་དང་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།  ཉེ་དུས་ཀྱི་གཙོ་གནད་བྱ་བའི་ལས་འགན་དོན་འཁྱོལ་ཡོང་བར་དམ་འཛིན་ལེགས་པོ་བྱེད་པ།  ནུས་ཤུགས་ཡོད་རྒུས་གཞུང་ལམ་དྲ་བའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། དོ་དམ་དང་བདག་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ།   ལས་གཉེར་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ། འགྲོ་ལམ་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱས་ཏེ།    བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་སྒུལ་ཤུགས་སུ་འཛིན་པ་དང་།  ཡུལ་བབ་དང་བསྟུན་པ། ཚན་རིག་ལྟར་ཇུས་འགོད་བྱེད་པ། བསྟུད་མར་ནུས་ཤུགས་འདོན་པ། ཡུན་རིང་བྱས་རྗེས་འཇོག་པ་བཅས་བྱས་ནས། བཟང་བ་བཞིའི་གྲོང་གསེབ་ལམ་གྱི་བྱ་བ་ལེགས་པོར་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། ཀྲེ་ཅང་ཞིང་ཆེན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས། ཧྥུའུ་ཅན་ཞིང་ཆེན། ཀོས་ཀྲོའུ་ཞིང་ཆེན། ཧུའུ་ནན་ཞིང་ཆེན། ཀན་སུའུ་ཞིང་ཆེན་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།