ཟླ5པའི་ཚེས28ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལིས་ཆང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་ཀྱི་སྤྱི་བདེ་བྱ་བའི་གྲོས་ཚོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས28ཉིན་གྱི་ཕྱི་དྲོར། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་སྤྱི་བདེ་བྱ་བའི་གྲོས་ཚོགས་ཀྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཁོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་མཛད་དེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་སྤྱི་བདེའི་བྱ་བ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་ བཏང་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས་པའི་སྐུལ་ལྕག་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་མཇལ་འཕྲད་ལ་ཞུགས།
ཕྱི་དྲོའི་ཆུ་ཚོད་བཞིའི་སྟེང་། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕེབས་པ་དང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་འཐུས་མིའི་ཁྲོད་དུ་ཕེབས་ཏེ་ཚང་མར་བྱམས་བརྩེའི་ངང་ཕྱག་འཇུ་གནང་བ་དང་གླེང་མོལ་མཛད་པར་མ་ཟད། དྲན་རྟེན་གྱི་སྐུ་པར་བསྐྱོན།
ཁྲིན་ཝུན་ཆིན་མཇལ་འཕྲད་ལ་ཞུགས་པར་མ་ཟད་ཚེས29ཉིན་གྱི་སྔ་དྲོར་འཚོགས་པའི་རྒྱལ་ཡོངས་སྤྱི་བདེ་བྱ་བའི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སྤྱི་བདེ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྐྱོད་ལམ་གསར་པའི་སྤྱི་བདེའི་བྱ་བའི་མདུན་སྐྱོད་ཁ་ཕྱོགས་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ནུས་ཤུགས་ཡོད་རྒུས་བློ་དཀར་སྤྱོད་གཙང་དང་ཁག་ཁུར་གྱི་སྤྱི་བདེའི་ཧྲག་དམག་འཛུགས་སྐྲུན་བྱེད་པ། ལྷག་བསམ་རྣམ་དག་གིས་འགན་འཁྲི་ལག་བསྟར་བྱེད་པ། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་སྲུང་སྐྱོབ། བརྟན་བརླིང་སྲུང་སྐྱོབ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ། ཁྲིམས་སྐྱོང་སྤྱི་བདེའི་འཛུགས་སྐྲུན་ཟབ་སྤེལ་དང་། ཁྲིམས་འཛིན་གྱི་སྤུས་ཚད་དང་། ལས་ཆོད། ཁྲིམས་འཛིན་གྱི་སྤྱི་རྟོན་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་ལ་བརྟེན་ནས་ཉེན་རྟོག་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལམ་དུ་བསྐྱོད་དེ། སྤྱི་བདེའི་བྱ་བའི་དེང་རབས་ཅན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་དགོས།
ལིས་ཀན་ཅེ་དང་ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས་པ་དང་། ཝང་ཞའོ་ཧུང་མཇལ་འཕྲད་ལ་ཞུགས་པར་མ་ཟད་གྲོས་ཚོགས་ལ་འགོ་འཛིན་བྱས།
ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས། ཞིང་ཆེན་ལྟེ་བའི་གྲོང་ཁྱེར་སོ་སོའི་ཏང་ཨུ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། སྤྱི་བདེ་ཐིན་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་སུ་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།