ཟླ5ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སི་དཀར་པོའི་གྲོས་ཁང་གོང་མའི་ཀྲུའུ་ཞི་ཁི་ཆ་ནའོ་ཝ་དང་གྲོས་མོལ་མཛད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས29ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སི་དཀར་པོའི་གྲོས་ཁང་གོང་མའི་ཀྲུའུ་ཞི་ཁི་ཆ་ནའོ་ཝ་དང་གྲོས་མོལ་མཛད།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལུའུ་ཁ་ཧྲིན་ཁིའི་འཐབ་ཇུས་སྣེ་ཁྲིད་དང་དངོས་སུ་སྐུལ་འདེད་བྱས་འོག ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་ཆབ་སྲིད་རང་རྟོན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་སོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་ཏན་ཏན་སྒོས་སྤེལ་ལ། རྒྱལ་སྤྱིའི་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་། ཀྲུང་གོས་ཨུ་རུ་སི་དཀར་པོ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྱི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱས་ནས། ཀྲུང་གོ་དང་ཨུ་རུ་སིའི་བཀག་སྡོམ་མེད་པའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོས་ཨུ་རུ་སི་དཀར་པོས་དུས་ཡུན་རིང་བོར་ཐའེ་ཝན་དང་། ཞིན་ཅང་དང་བོད་འབྲེལ། མི་དབང་སོགས་གནད་དོན་སྟེང་རྒྱབ་སྐྱོར་བརྟན་པོ་བྱས་པར་བཀའ་དྲིན་ཞུས་པ་དང་། སྔར་བཞིན་དུ་ཨུ་རུ་སི་དཀར་པོས་རྒྱལ་ཁབ་རང་ཚུགས་དང་བདག་དབང་། མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱིས་སྲོལ་རྒྱུན་མཛའ་བརྩེ་རྒྱུན་མཐུད་བྱེད་པ་དང་། ཆབ་སྲིད་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་ངང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ནས། རྒྱལ་སྤྱིའི་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོས་ཨུ་རུ་སི་དཀར་པོ་དང་མཉམ་དུ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་ལག་བསྟར་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་དུས་ཡུན་རིང་བོར་འགྲོ་འོང་དང་མཉམ་ལས་དམ་པོ་རྒྱུན་འཁྱོངས་བྱས། ཕྱོགས་གཉིས་ཀྱིས་ཁྲིམས་འཛུགས་ལས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དེ་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ལྟ་བ་ལག་བསྟར་བྱེད་པ་དང་བཀག་སྡོམ་མེད་པའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་བྱ་སྤྱོད་དངོས་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨུ་རུ་སི་དཀར་པོའི་གྲོས་ཁང་དང་མཉམ་དུ། མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་རྐྱེན་སྲོལ་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཁྲིམས་འཛུགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ། ཁྲིམས་འཛུགས་དང་ལྟ་སྐུལ། ཕྱི་ཕྱོགས་བཀག་སྡོམ་དང་ཐེ་གཏོགས་ལ་ངོ་རྒོལ་བྱེད་པ་སོགས་ཕྱོགས་ནས་ཉམས་མྱོང་བརྗེ་རེས་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།
ཁི་ཆ་ནའོ་ཝས་བསྟན་དོན། ཙུང་ཐུང་ལུའུ་ཁ་ཧྲིན་ཁི་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཐབ་ཇུས་སྣེ་ཁྲོད་འོག ཨུ་རུ་སི་དང་ཀྲུང་གོའི་བཀག་སྡོམ་མེད་པའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཧ་ཅང་སྲ་བརྟན་ཡིན། ཨུ་རུ་སི་དཀར་པོས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་རྒྱ་སྐྱེད་འདོད་ཡོད། ཨུ་རུ་སི་དཀར་པོའི་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ། མཉམ་ལས་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གངས་ལེགས་བྱེད་པ་དང་། བརྗེ་རེས་དང་དཔེ་ལྟ་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྱི་དམངས་འདོད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད།
ཀྲང་ཆེན་ཝེ་གྲོས་མོལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།