ཟླ5པའི་ཚེས30ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏིར་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མུའུ་ཧན་མོ་ཏིའི་འཐབ་ཇུས་སྣེ་སྟོན་འོག་ཏུ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཁྱོན་ཡོངས་ཅན་དང་མགྱོགས་མྱུར་ངང་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་བའི་དུས་རིམ་གསར་པར་སླེབས་ཡོད། ད་ལོ་ནི་རྒྱལ་ཁབ་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་ལས་སྲ་བརྟན་དུ་གཏོང་བ། དངོས་སྒྲུབ་མཉམ་ལས་ཟབ་སྤེལ་གཏོང་བ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་སུ་རྩེ་གཅིག་ཏུ་འབད་དེ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དང་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་བར་གྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་འདོད་ཡོད། ཀྲུང་གོ་དང་ཨ་རབ་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ནི་རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་བརྟེན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨ་རབ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དམངས་གྲོས་ཚོགས་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་འདོད་ཡོད་ཅེས་གསུངས།
མུའུ་ཧན་མོ་ཏི་ཡིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཟབ་ཅིང་བརྟན་པོ་ཡིན་པའི་དབང་གིས། འཛམ་གླིང་ཧྲིལ་པོར་ཤུགས་རྐྱེན་བཞག་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཐད་ནས་ནུས་ལྡན་དང་གསོན་ཤུགས་ཀྱིས་བརྟས་པའི་མཉམ་ལས་ཟླ་གྲོགས་སུ་འགྱུར་བར་འབད་དེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།
ཞའོ་ཅེ་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།