ཉེ་ལམ་ ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་འབར་རླངས་བདེ་འཇགས་ཆེད་དོན་དག་ཐེར་བཅོས་སྐྱོང་དང་འབར་རླངས་སྦུག་ལམ་ལ་སྐྱོན་ཡོད་བཞིན་དུ་བེད་སྤྱོད་བྱེད་པའི་ཆེད་དོན་བཅོས་སྐྱོང་བྱ་བའི་སྐུལ་སློང་བརྙན་རིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཆན་བཀོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ནན་མོ་བྱས་ལ། གནས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱས་ཤིང་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་སྟེང་། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་འབར་རླངས་བདེ་འཇགས་ཆེད་དོན་དག་ཐེར་བཅོས་སྐྱོང་དང་འབར་རླངས་སྦུག་ལམ་ལ་སྐྱོན་ཡོད་བཞིན་དུ་བེད་སྤྱོད་བྱེད་པའི་ཆེད་དོན་བཅོས་སྐྱོང་བྱ་བ་སྤེལ་བའི་ཚུན་ལ། རིམ་པ་སོ་སོའི་བྱ་བའི་ཆེད་སྦྱོང་འཛིན་གྲྭའི་ཁོངས་གཏོགས་ལས་ཁུངས་ཀྱིས་མཁར་གྲོང་གི་འབར་རླངས་བདེ་འཇགས་ཁྱབ་ཁོངས་ཀྱི་མཐིལ་རྟོགས་གྲལ་བཤེར་དང་། མི་མངོན་པའི་ཉེན་ཁར་བཅོས་སྐྱོང་། དྲིལ་སྒྲོག་གསོ་སྦྱོང་། སྦུག་དྲ་རྙིང་བའི་སྒྱུར་བཅོས་སོགས་ཀྱི་བྱ་བ་མང་པོ་བསྒྲུབས་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཀྱང་། ད་དུང་ཞན་ཆ་དང་མི་འདང་ས་མང་པོ་ཡོད།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། མཁར་གྲོང་གི་འབར་རླངས་བདེ་འཇགས་བྱ་བ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འབྲེལ་བ་ཡོད། ས་གནས་སོ་སོ་དང་། འབྲེལ་ཡོད་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། གྲོང་ཁྱེར་གྱི་འབར་རླངས་སྦུག་ལམ་ལ་སྐྱོན་ཡོད་བཞིན་དུ་བེད་སྤྱོད་བྱེད་པའི་ཆེད་དོན་བཅོས་སྐྱོང་བྱ་བ་ལེགས་པོར་བསྒྲུབས་པའི་གལ་ཆེན་རང་བཞིན་དང་ཛ་དྲག་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། འགན་འཁྲི་ཕྲག་ཏུ་ཁུར་ཞིང་གནོན་ཤུགས་བརྒྱུད་སྒྲོག་བྱས་ནས། བྱ་བ་སྣ་ཚོགས་ལ་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་བྱ་བའི་ཆེད་སྦྱོང་འཛིན་གྲྭས་སྣེ་ཁྲིད་སྤྱི་འདོམས་དང་གཅིག་གྱུར་མཐུན་སྦྱོར་བྱེད་པ་དང་། ཁོངས་གཏོགས་ལས་ཁུངས་སོ་སོས་རང་འགན་རང་གིས་ཁུར་ཞིང་མཉམ་སྡེབ་མཉམ་ལས་བྱས་ཏེ། བྱ་བའི་སྟོབས་ཤུགས་ནུས་ལྡན་སྒོས་གཅིག་སྡུད་བྱེད་པ་དང་། བྱ་བ་དོན་འཁྱོལ་བྱེད་པར་དམ་འཛིན་ནན་མོ་བྱེད་དགོས། ཁྲིད་སྟོན་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། བྱ་བར་མཐོང་ཆེན་མ་བྱས་པ་དང་འཕེལ་རིམ་དལ་བ། དག་ཐེར་བཅོས་སྐྱོང་བྱེད་པ་ཚད་ལྡན་མིན་པ་བཅས་ཀྱི་ས་ཁུལ་དང་ལས་ཁུངས་དེར་གཙོ་གནད་ལ་ཁ་བརྡ་དང་། འགན་འཁྲིའི་འདྲི་རྩད། ཁྱབ་བསྒྲགས་ཐེར་འདོན་སོགས་ཀྱི་ཐབས་ལམ་སྤྱད་ནས་བྱ་བ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། དམངས་ཡོངས་ཀྱི་འབར་རླངས་བདེ་འཇགས་ཤེས་བྱའི་ལག་རྩལ་གསོ་སྦྱོང་རྒྱུན་མཐུད་སྒོས་དམ་འཛིན་བྱེད་པ་དང་། སློབ་མར་གཅིག་སྡུད་ཀྱིས་འབར་རླངས་བདེ་འཇགས་སློབ་གསོ་སྤེལ་ཏེ། མི་རེ་རེས་བདེ་འཇགས་གླེང་བ་དང་འཕྲལ་བསྟུན་ཐུབ་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་བསྐྲུན་དགོས།
ལྷ་མོ་འཚོས་བསྒྱུར།