རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཚའེ་ཏཱ་ཧྥིན་གྱིས་འཐུབ་ཚབ་ཚོགས་པ་ཁྲིད་ནས་མཱ་ལཱ་ཝེ་རུ་འཚམས་འདྲི་བྱས།
2024.05.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ5པའི་ཚེས27ཉིན་ནས་ཚེས29ཉིན་བར། མཱ་ལཱ་ཝེ་གྲོས་ཁང་གི་གདན་ཞུ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཚའེ་ཏ་ཧྥིན་གྱིས་འཐུབ་ཚབ་ཚོགས་པ་ཁྲིད་ནས་མཱ་ལཱ་ཝེ་རུ་འཚམས་འདྲི་བྱས་ཤིང་། སོ་སོར་མཱ་ལ་ཝེ་ཡི་ཙུང་ཐུང་ཁྲ་ཁི་ཝེ་ལཱ་དང་། གྲོས་དཔོན་ཧཱ་ལཱ་སོགས་དང་ཐུག་འཕྲད་བྱས།

ཚའེ་ཏ་ཧྥིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཁྲ་ཁི་ཝེ་ལཱ་གཉིས་ཀྱི་སྐུ་དངོས་ཀྱི་ཐུགས་ཁུར་སྣེ་ཁྲིད་འོག ཀྲུང་གོ་དང་མཱ་ལཱ་ཝེ་ཡི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་བྱུང་བའི་རྣམ་པ་བཟང་པོ་མངོན་ཡོད། ཀྲུང་གོ་ཕྱོགས་དུས་ནམ་ཡང་འཐབ་ཇུས་ཀྱི་མཐོ་ཚད་དང་མིག་རྒྱང་རིང་བའི་ཟུར་ཚད་ནས་བསྡད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། མཱ་ལཱ་ཝེ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་འདུ་ཤེས་མཛུབ་སྟོན་དུ་འཛིན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་མཉམ་ལས་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་མཐོར་འདེགས་གཏོང་རྒྱུར་འཐད་པ་ཡིན་ཞེས་བཤད། ཚའེ་ཏཱ་ཧྥིན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་། ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གླེང་སྟེགས་ཀྱི་སྐབས་གསར་པའི་རྩེ་ཚོགས་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས།

མཱ་ལཱ་ཝེ་ཕྱོགས་ཀྱིས་ཀྲུང་གོས་འབྲེལ་བ་བཙུགས་པའི་ཚུན་ལ་ཕྱོགས་སོ་སོའི་ཐད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུ་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་དང་ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གླེང་སྟེགས་སོགས་སྒྲོམ་གཞིའི་ནང་གི་མཉམ་ལས་ཀྱིས་མཱ་ལཱ་ཝེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་བཏང་བར་ཚད་མཐོའི་གདེང་འཇོག་བྱེད་ཀྱིན་ཡོད། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་འགྲོ་འོང་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ཏེ། ཕྱོགས་གཉིས་ཀྱི་རྒྱལ་ཁབ་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་ལ་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན་ཟེར།

ཚའེ་ཏཱ་ཧྥིན་གྱིས་ད་དུང་ཁུང་ཙི་སློབ་གླིང་སོགས་མཉམ་ལས་ལས་གཞི་གཙོ་བོ་ཁ་ཤས་སུ་རྟོག་ཞིབ་བྱས།

ཤ་བོ་རིན་མཚོས་བསྒྱུར།