ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་བཀོད།​
2024.05.31 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 12

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་བཀོད་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའི་སྲོལ་ཡིག་བཟོ་བཅོས་རྒྱག་པའི་ཆོད་དོན་ཁྱབ་བསྒྲགས་བྱས་པ་དང་། དེ་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཆོད་དོན་གྱིས་ཏང་ཀྲུང་དབྱང་གིས་ཚན་རྩལ་བྱ་བའི་གཅིག་སྡུད་མགོ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའི་དབང་གྲགས་རང་བཞིན་དང་སྙན་གྲགས་རང་བཞིན་སྔར་ལས་ཇེ་མཐོར་བཏང་། ཆོད་དོན་ལ་ཁྱོན་བསྡོམས་དོན་ཚན་བརྒྱད་ཡོད་དེ། གཙོ་བོ་གཤམ་གསལ་གྱི་ནང་དོན་ཁག་གཏན་འབེབས་བྱས་ཡོད།

གཅིག་ནི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའི་བྱ་བས་ཏང་ཀྲུང་དབྱང་གི་གཅིག་སྡུད་མགོ་ཁྲིད་རྒྱུན་འཁྱོངས་བྱེད་ཅིང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའི་བྱ་བའི་དོན་དག་གཙོ་བོ་སྣ་ཚོགས་འབྲེལ་ཡོད་གཏན་འབེབས་ལྟར་ཏང་ཀྲུང་དབྱང་ལ་ཡར་ཞུ་བྱེད་དགོས་པའི་གཏན་འབེབས་བྱས།

གཉིས་ནི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་དང་བྱ་དགའི་རིམ་པའི་འབྲེལ་ཡོད་གྲོས་ཆོད་སོགས་ཀྱི་དོན་དག་སྣ་ཚོགས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་འགོད་པར་སྤྲོད་རྒྱུའི་གཏན་འབེབས་བྱས།

གསུམ་ནི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲིད་ཕྱོགས་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོ་དང་ཚན་རྩལ་འཕེལ་རྒྱས་ཀྱི་ཡུན་རིང་ཡུན་ཐུང་གི་འཆར་འགོད་བཅས་ལ་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ་གཏན་འབེབས་བྱས།

ལྷ་མོ་འཚོས་བསྒྱུར།