ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅཱ་ལིན་ས་ཁུལ་གྱི་ཀྲི་ཅང་སློབ་ཆུང་གི་སློབ་མར་འཕྲིན་ལན་བསྐུར།
2024.05.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ5པའི་ཚེས30ཉིན་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅཱ་ལིན་ས་ཁུལ་གྱི་ཀྲི་ཅང་སློབ་ཆུང་གི་སློབ་མར་འཕྲིན་ལན་བསྐུར་ནས། ཁོ་ཚོར་བརྩེ་བའི་སྐུལ་མ་གནང་བར་མ་ཟད། ཁོ་ཚོ་དང་རྒྱལ་ཡོངས་ཀྱི་ན་ཆུང་བྱིས་པ་དག་ལ་དུས་ཆེན་གྱི་སྨོན་འདུན་ཞུས།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་བསྟན་དོན། འཕྲིན་ཡིག་དེ་འབྱོར་བས་ངས་ལོ་ངོ་ཉི་ཤུའི་ཡར་སྔོན་ཁྱོད་ཚོའི་སློབ་གྲྭའི་རྨང་འདིང་བའི་སྣང་ཚུལ་དེ་དྲན་བྱུང་། ལོ་འདི་དག་གི་རིང་ལ་སློབ་གྲྭ་སྔར་ལས་ཇེ་བཟང་ཡིན་པ་དང་། སློབ་གྲོགས་ཚོས་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་ངལ་རྩོལ་ལ་དགའ་ཞེན་ཆེ་བ། བདེ་ཐང་སྤྲོ་སྐྱིད་ངང་འཚར་ལོངས་འབྱུང་བཞིན་པ་ཤེས་པས་ངའི་སེམས་བདེ་ལ་བབས་སོང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་ཡིན་ཞིང་། ཕ་ཡུལ་འཛུགས་སྐྲུན་གང་ལེགས་བྱེད་པ་དང་རང་རྒྱལ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་པར། ཁྱོད་ཚོའི་མི་རབས་འདིས་མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་བྱེད་དགོས་ཡོད། སློབ་གྲོགས་ཚོས་རྒྱང་རིང་གི་ཕུགས་འདུན་བརྟན་པོས་དུས་སྐབས་བཟང་བོར་གཅེས་སྤྲས་བྱེད་པ་དང་། ཀུན་སྤྱོད་དང་བློ་གྲོས། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཏང་གཅེས་རྒྱལ་གཅེས་དང་། རང་བཙན་རང་བདག འབད་འཐབ་ཡར་བརྩོན་བཅས་ཀྱི་དུས་རབས་གསར་པའི་ན་གཞོན་བཟང་བོར་འགྱུར་བར་བརྩོན་ལེན་བྱེད་པ་དང་། ཧུར་ཐག་སྒོས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་མོ་ཁུར་ཕོད་པའི་འཇོན་མིར་འགྱུར་བར་བྱེད་དགོས།

ཀྲི་ཅང་སློབ་ཆུང་ནི་སྔོན་ཆད་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅཱ་ལིན་ས་ཁུལ་གྱི་རི་ཁུལ་གྱི་སློབ་ཆུང་ཞིག་ཡིན་ཞིང་། ས་བབ་མཐོ་ཞིང་ལམ་གཟར་བ་དང་སློབ་གྲྭའི་ཁང་བ་རྙིང་ཞན་དུ་གྱུར་ཡོད། 2004ལོར། སློབ་གྲྭ་དེ་ཀྲེ་ཅང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་འོག་གནས་གཞན་དུ་སྤར་ནས་འཛུགས་སྐྲུན་བྱས་པ་དང་། སྐབས་དེར་ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་བའི་ཞི་ཅིན་ཕིང་གིས་ལོ་དེའི་ཟླ5པར་སློབ་གྲྭ་དེར་རྨང་བཏིངས། 2005ལོའི་ཟླ9པར་སློབ་གྲྭ་དེ་དངོས་སུ་བེད་སྤྱོད་བྱེད་མགོ་བརྩམས་པ་དང་། སློབ་སྒྲུབ་ཆ་རྐྱེན་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཡོད་ལ། ད་ལྟ་སློབ་གྲྭ་དེར་སློབ་ཆུང་སློབ་མ287ཡོད།

ཉེ་སྔོན་ཀྲི་ཅང་སློབ་ཆུང་གི་ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་སློབ་གྲོགས་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སྙན་ཞུར་ཕུལ་བ་དང་། དྲིན་གཟོའི་བརྩེ་བ་དང་དུས་རབས་གསར་པའི་ན་གཞོན་བཟང་བོ་བརྩོན་ལེན་བྱེད་པའི་ཆོད་སེམས་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།