ལིས་ཆང་གིས་པ་རེན་གྱི་རྒྱལ་པོ་ཧ་མཱ་ཏིར་མཇལ་འཕྲད་གནང་།
2024.06.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ5པའི་ཚེས31ཉིན་གྱི་སྔ་དྲོར་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པའི་འགོ་རྩོམ་མཛད་སྒོར་ཞུགས་པའི་པ་རེན་གྱི་རྒྱལ་པོ་ཧ་མཱ་ཏིར་མཇལ་འཕྲད་གནང་།

ལིས་ཆང་གིས་ཀྲུང་གོ་དང་པ་རེན་བར་འབྲེལ་བ་བཙུགས་ནས་ལོ35འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་བཟུང་བའི་དབང་གིས། མཛའ་མཐུན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་ཧ་མཱ་ཏིར་གྲོས་མོལ་གནང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཐད་འཐབ་ཇུས་ཀྱི་འཆར་འགོད་བཟོས། ཀྲུང་གོ་ཕྱོགས་ཀྱིས་པ་རེན་ཕྱོགས་དང་མཉམ་དུ། སྲོལ་རྒྱུན་མཛའ་མཐུན་ལ་གཅེས་འཛིན་བྱེད་པ་དང་། པ་རེན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་འཐབ་ཇུས་སྣེ་ཁྲིད་གལ་ཆེན་ལ་བརྩི་སྲུང་ཞུས་ནས། ཕྱོགས་གཉིས་ཀའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་དང་། གཉིས་ཕན་གཉིས་རྒྱལ་གྱི་མཉམ་ལས་འབྲེལ་ཐག་སྔར་ལས་ཇེ་དམ་དུ་བཏང་ནས། ཀྲུང་གོ་དང་པ་རེན་གྱི་འབྲེལ་བ་ཆུ་ཚད་གསར་པའི་སྟེང་སླེབས་པར་སྐུལ་འདེད་ནུས་ལྡན་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་སྔར་ལས་གང་ལེགས་བསྐྲུན་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་པ་རེན་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། བརྟན་བརླིང་བཅས་སྲུང་སྐྱོབ་བྱེད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ལ། པ་རེན་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་པ་རེན་ཕྱོགས་དང་མཉམ་དུ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྒྲོམ་གཞིའི་འོག་ཏུ། ནུས་ཁུངས་དང་སྡོད་ཁང་སོགས་རྨང་གཞིའི་འཛུགས་སྐྲུན་དང་དམངས་འཚོའི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཚོང་དོན་དང་དངུལ་གཏོང་མཉམ་ལས་རྒྱ་སྐྱེད་གཏོང་བ། གློག་སྒུལ་རླངས་འཁོར་དང་གཞི་གྲངས་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་གཏོང་བ། སློབ་གསོ་དང་ཡུལ་སྐོར་སོགས་མི་གཞུང་རིག་གནས་བརྗེ་རེས་གང་ལེགས་བྱེད་འདོད་ཡོད་ཅེས་གསུངས།

ཧ་མཱ་ཏིས་པ་རེན་ཕྱོགས་ཀྱིས་པ་རེན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་མཐུན་ལ་གཅེས་འཛིན་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། ཀྲུང་གོ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད། པ་རེན་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ། མཉམ་ལས་ཁྱབ་ཁོངས་སྔར་ལས་རྒྱ་ཆེར་བཏང་ནས། པ་རེན་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།