ཀྲའོ་ལི་ཅི་ཡིས་སོ་སོར་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི་དང་པ་རེན་གྱི་རྒྱལ་པོ་ཧ་མཱ་ཏིར་མཇལ་འཕྲད་གནང་།
2024.06.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ5པའི་ཚེས31ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་སོ་སོར་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི་དང་པ་རེན་གྱི་རྒྱལ་པོ་ཧ་མཱ་ཏི་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་སའེ་དབྱི་ཏིར་མཇལ་འཕྲད་གནང་སྐབས། ཀྲུང་གོ་དང་ཐུ་ནི་སི་ནི་དུས་རྣམ་ཀུན་ཏུ་ཕན་ཚུན་བར་ལྟ་སྟངས་ཡང་དག་འཛིན་མཁན་གྱི་གྲོགས་པོ་བཟང་པོ་དང་ཕན་ཚུན་རོགས་རེས་བྱེད་མཁན་གྱི་སྤུན་ཟླ་བཟང་པོ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བ་གོ་སྐབས་སུ་བརྩིས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཀྲུང་གོ་དང་ཨ་རབ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སོགས་སྟེགས་བུ་གལ་ཆེན་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་འདོད་ཡོད། ཀྲུང་གོ་དང་ཐུ་ནི་སི་ནི“འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་རྒྱལ་ཁབ་ཡིན་པའི་ཆ་ནས། ཕྱོགས་གཉིས་ཀས་ཕྱོགས་མང་གི་གནས་ཡུལ་དུ་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་བསྣན་ཏེ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཐུ་ནི་སིའི་ཁྲིམས་འཛུགས་སྒྲིག་གཞིའི་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། ཕྱོགས་གཉིས་ཀའི་དངོས་གཉེར་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས།

སའེ་དབྱི་ཏིས་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི། ཐུ་ནི་སི་ཕྱོགས་ཀྱི་འདོད་བློ་བརྟན་པོ་ཞིག་ཡིན། ཐུ་ནི་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་མདུན་ལམ་སྔར་ལས་རྒྱ་སྐྱེད་གཏོང་འདོད་ཡོད་ཅེས་བསྟན།

ཀྲིན་ཅན་པང་མཇལ་འཕྲད་ལ་ཞུགས།

ཀྲའོ་ལི་ཅི་ཡིས་པ་རེན་གྱི་རྒྱལ་པོ་ཧ་མཱ་ཏིར་མཇལ་འཕྲད་གནང་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་པོ་ཧ་མཱ་ཏིའི་ཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་པ་རེན་གྱི་འབྲེལ་བ་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་ཕྱིན་ཡོད་པ་དང་། དངོས་སྒྲུབ་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་རེན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་བསྟན་པའི་མཛུབ་སྟོན་ཁ་ཕྱོགས་ལ་བརྩི་སྲུང་ནན་མོ་བྱས་ནས། ཕན་ཚུན་ཡིད་ཆེས་དང་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་བརྟན་དུ་གཏོང་བ། བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་གྲུབ་འབྲས་ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། དུས་རབས་གསར་པར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ནས། ཀྲུང་གོ་དང་མཚོ་ཁུགས་ཨུ་ཡོན་ལྷན་ཁང་གི་འཐབ་ཇུས་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་པ་རེན་རྒྱལ་དམངས་གྲོས་ཚོགས་དང་མཉམ་དུ། རིམ་པ་སོ་སོ་དང་ཐབས་ལམ་མང་པོའི་ངོས་ནས་འགྲོ་འོང་དམ་ཟབ་བྱས་ཏེ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་ཕན་ཚུན་དཔྱད་གཞིར་བཟུང་ནས། རང་སོ་སོའི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་གཉིས་ཀའི་འབྲེལ་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཅེས་གསུངས།

ཧ་མཱ་ཏིས་པ་རེན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ། དངོས་སྒྲུབ་མཉམ་ལས་ལ་ཤུགས་བསྣན་ཏེ། ཕ་ལེ་སི་ཐན་གྱི་གནད་དོན་ཐད་མཐུན་སྦྱོར་དམ་ཟབ་བྱས་ནས། དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱས་ནས། དབུས་ཤར་ས་ཁུལ་གྱི་ཞི་བདེར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཧི་ཝེ་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།