ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་ཁྲིད་དེ་སོ་ཏི་ཨ་རབ་ལ་འཚམས་འདྲི་བྱས།
2024.06.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

 ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་བྱས་ཚར་རྗེས། ཟླ5པའི་ཚེས29ཉིན་ནས་ཚེས31ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་ཁྲིད་དེ་སོ་ཏི་ཨ་རབ་ལ་འཚམས་འདྲི་བྱས་ཤིང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་དང་། ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ་དང་། མཚོ་སྔོན་དང་སོ་ཏི་ཨ་རབ་ཀྱི་མཛའ་མཐུན་འགྲོ་འོང་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་།

ཟླ5པའི་ཚེས29ཉིན།  ཀྲུང་གོའི(མཚོ་སྔོན)དངུལ་གཏོང་ངོ་སྤྲོད་ཚོགས་འདུ་ལི་ཡ་ཏི་རུ་འཚོགས་པ་དང་། ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།  ཁོས་བསྟན་དོན།  ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ཁྲིད་སྟོན་འོག   ཕྱོགས་གཉིས་ཀྱིས་ཕན་ཚུན་ཡིད་ཆེས་དང་། གཉིས་ཕན་མཉམ་རྒྱལ། ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ།  ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ་ཞིང་།  ཚྭ་མཚོ་དང་། དག་གཙང་ནུས་ཁུངས། རིག་གནས་ཡུལ་སྐོར་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་།  ས་ཁོངས་ཀྱི་ལེགས་ཆ་མངོན་གསལ་ཡིན་པས། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་འཛུགས་སྐྲུན་བྱེད་བཞིན་ཡོད་ལ།  གཏིང་ཟབ་པའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་ཏུ་འདྲེས་པ་དང་། ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པར་སྐུལ་འདེད་གཏོང་བ།  སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་དགོས།  སོ་ཏི་ཨ་རབ་ཀྱི་ལས་རིགས་ཁག་གི་གྲོགས་པོ་རྣམས་མཚོ་སྔོན་དུ་ལྟ་སྐོར་དང་རྟོག་ཞིབ་བྱེད་དུ་ཡོང་བར་གདན་འདྲེན་ཞུས་ཤིང་།  ཕྱོགས་ཡོངས་ནས་མཚོ་སྔོན་གྱི་སྐྱེ་ཁམས་མཛེས་པ་དང་། འཕེལ་རྒྱས་ཀྱི་མཛེས་པ། རིག་གནས་ཀྱི་མཛེས་པ་བཅས་ལ་ཉམས་ལེན་བྱེད་པ་དང་།   བརྗེ་རེས་ལ་སྐུལ་འདེད་དང་། མཉམ་ལས་ལ་ཤུགས་སྣོན།  མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་སོ་ཏི་ཨ་རབ་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་རྒྱུན་ཆད་མེད་པར་སྒུལ་ཤུགས་གསར་པ་བསྣན་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་དགོས་ཞེས་བཤད། ཚོགས་འདུའི་སྟེང་།  སོ་ཏི་ཨ་རབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲང་ཧྭ་དང་། སོ་ཏི་ཨ་རབ་དངུལ་གཏོང་པུའུ་ཡི་འབྲེལ་ཡོད་འགན་འཁུར་པ་དང་ཁེ་ལས་ཀྱི་འཐུས་མི་བཅས་ཀྱིས་ཤིས་ཚིག་ཕུལ་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་ཡོད་ཁེ་ལས་ཀྱིས་མཉམ་ལས་གྲོས་མཐུན་བཀོད།

འཚམས་འདྲི་བྱེད་སྐབས། ཝུའུ་ཞའོ་ཅུན་སྔ་རྗེས་སུ་སོ་ཏི་ཨ་རབ་ཀྱི་དངུལ་གཏོང་པུའུ་དང་། ནུས་ཁུངས་པུའུ་ལ་སོང་ནས། འབྲེལ་ཡོད་འགན་འཁུར་མི་སྣ་དང་གྲོལ་མོལ་བརྗེ་རེས་བྱས་པ་དང་།   མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ནས། མཛའ་མཐུན་འགྲོ་འོང་ལ་སྔར་ལས་ཤུགས་སྣོན་དང་།  མཉམ་ལས་ཀྱི་ཐབས་ལམ་རྒྱ་བསྐྱེད་པ།  མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བཅས་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་། མ་དངུལ་གཏོང་བ།  དག་གཙང་ནུས་ཁུངས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ལེན་དགོས་པའི་རེ་བ་བཏོན།

སོ་ཏི་ཨ་རབ་ཕྱོགས་ཀྱིས་གྲོས་མོལ་བརྗེ་རེས་བརྒྱུད་དེ་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་གཏིང་ཟབ་ཏུ་སོང་བ་དང་།  བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ།  གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན།  སོ་ཏི་ཨ་རབ་རྒྱལ་སྤྱིའི་གློག་ཤུགས་དང་ཆུ་དོན་ཀུང་སིའི་འགན་ཁུར་བར་ཐུག་འཕྲད་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་མཉམ་ལས་ལམ་སྲོལ་འཛུགས་པ་དང་། མ་དངུལ་གཏོང་བའི་ཁྱབ་ཁོངས་རྒྱ་བསྐྱེད་པ།  ཐོན་ལས་མཉམ་ལས་ལ་ཤུགས་སྣོན་བྱེད་པ་སོགས་ལ་དམིགས་ནས་བརྗེ་རེས་གཏིང་ཟབ་བྱས་ཏེ། ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་བྱུང་བར་མ་ཟད། ཡུལ་དངོས་ནས་ཀུང་སི་དེ་དང་ཀྲུང་གོའི་གློག་གཏོང་རྨ་ཆུ་ཀུང་སིའི་མཉམ་ལས་གསར་སྤེལ་བྱེད་པའི་རྒྱ་མཚོ་དམར་པོའི་ཕྱོགས་བསྡུས་བློ་རིག་ནུས་ཁུངས་ལས་གཞིར་རྟོག་ཞིབ་བྱས།

ཝུའུ་ཞའོ་ཅུན་གྱིས་ད་དུང་སོ་ཏི་ཨ་རབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲང་ཧྭ་དང་།  ཅི་ཏར་སྡོད་པའི་སྤྱིའི་གཞུང་ཚབ་པ་ཝང་ཆི་མེན་ལ་ཐུག་འཕྲད་བྱས་ནས། ཁོ་ཚོས་མཚོ་སྔོན་གྱི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་པ་དང་།   ཡོངས་ཁྱབ་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མཚོ་སྔོན་དང་སོ་ཏི་ཨ་རབ་བར་གྱི་སྒོ་འབྱེད་མཉམ་ལས་ལ་སྔར་ལས་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་པའི་རེ་བ་བཏོན།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།