ཟླ5པའི་ཚེས31ཉིན། 2024ལོའི་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་ཟླ་བའི་བྱེད་སྒོ་སྤེལ་འགོ་རྩོམ་པའི་མཛད་སྒོ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཚོགས་འདུར་ཞུགས་པར་མ་ཟད། 2024ལོའི་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་ཟླ་བའི་བྱེད་སྒོ་སྤེལ་འགོ་བརྩམས་པ་ཁྱབ་སྒྲོག་བྱས།
ད་ལོའི་ཟླ6པ་ནི་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཟླ་བ་ཡིན་ལ། བརྗོད་དོན་ནི་མི་ཚང་མས་བདེ་འཇགས་ལ་དོ་སྣང་དང་། མི་ཚང་མས་འཕྲལ་བསྟུན་གྱི་བྱེད་ཐབས་སྤྱད་དེ། ཚེ་སྲོག་གི་བགྲོད་ལམ་གེགས་མེད་ཡོང་བར་བྱེད་རྒྱུ་དེ་རེད། བྱེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དྲིལ་སྒྲོག་གཏིང་ཟབ་བྱས་པ་བརྒྱུད་ནས། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ཁེ་ལས་སོ་སོ་བཅས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་བ་དང་། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་རྒྱུ་རེད། ཐེངས་འདིའི་བདེ་འཇགས་ཐོན་སྐྱེད་ཟླ་བའི་ནང་། ཚེ་སྲོག་གི་བགྲོད་ལམ་གེགས་མེད་དུ་བྱེད་པ་ཞེས་པའི་ནང་དོན་གཙོ་བོ་དེར་དམིགས་ནས། ཚེ་སྲོག་གི་བགྲོད་ལམ་ཞེས་པའི་འབྲེལ་ཡོད་ཤེས་བྱ་ཡོངས་ཁྱབ་ཏུ་དྲིལ་སྒྲོག་དང་འགྲེལ་བཤད་བྱས་ཏེ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། ཚེ་སྲོག་གི་བགྲོད་ལམ་བཟུང་བའི་བྱ་སྤྱོད་ལ་ཆད་གཅོད་ནན་མོ་བྱེད་རྒྱུ་རེད། བདེ་འཇགས་དྲིལ་སྒྲོག་གི་བསྐྱོད་པ་དྲུག་གི་བྱེད་སྒོ་ཏན་ཏིག་གིས་སྤེལ་བར་བརྟེན་ནས། ནུས་ཤུགས་ཡོད་རྒུས་བདེ་འཇགས་རིག་གནས་གསོ་སྐྱོང་བྱས་ཏེ། མི་ཚང་མས་བདེ་འཇགས་ལ་དོ་སྣང་དང་། ཚང་མས་འཕྲལ་བསྟུན་གྱི་བྱེད་ཐབས་སྤྱོད་པའི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་བཏང་།
ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཁོངས་མིའི་སྡེ་ཁག་གི་འགན་འཁུར་བ་བྱེད་སྒོའི་ཚོགས་ར་གཙོ་བོར་ཞུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གི་འགན་འཁུར་བ་གྲོང་ཁྱེར་དང་ཁུལ་གྱི་ཡན་ལག་ཚོགས་རར་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།