ཟླ5པའི་ཚེས29ཉིན་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། རྒྱལ་ཁབ་གློག་གཏོང་སྡེ་ཚོགས་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་སོགས་ཁེ་ལས7གྱིས་མཉམ་འབྲེལ་སྒོས་སྒྲུབ་འགན་འཁུར་བའི་ན་གཞོན་འཕྲལ་སྒྲུབ་རུ་ཁག་བཙུགས་ནས་ལོ70ལོན་པ་དང་ན་གཞོན་དཔལ་ཡོན་རྟགས་ཅན་གསར་འཛུགས་བྱས་ནས་ལོ30ལོན་པ་སྟེ། མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ལས་བཟོ་པའི་ཉམས་འགྱུར་མངོན་པའི་བྱེད་སྒོ་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་བྱེད་སྒོར་ཞུགས།
བྱེད་སྒོས་རྒྱལ་ཁབ་སྟོབས་ལྡན་དང་བསྐྱར་དར་ཡོང་བར་ང་ཡོད་ཅེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ། གླུ་གར་དང་། གར་སྟེགས་ཟློས་གར། མཉམ་ལེན་སོགས་ཀྱི་རྣམ་པ་བརྒྱུད་ནས། རང་འཁྲིའི་ལས་གནས་ཐོག་གི་འབད་འཐབ་བྱས་རྗེས་དང་ལང་ཚོའི་ཉམས་འགྱུར་གང་ལེགས་སྒོས་མངོན་ཞིང་། རྒྱ་ཆེའི་ན་གཞོན་རྣམས་ཀྱི་སློབ་སྦྱོང་གི་མྱོང་ཚོར་ཟབ་མོ་དང་། བྱ་བའི་མྱོང་ཚོར་ངོ་མ་དེ《འབད་འཐབ་ཀྱི་ན་གཞོན》དང 《རྡོ་སྣུམ་བཟོ་པའི་སེམས་པ་ཏང་ལ་ཕྱོགས》སོགས་ཀྱི་འཁྲབ་སྟོན་ནང་དོན་དུ་བསྒྲིགས་ནས། ཉེ་བའི་ལོ་ཤས་རིང་ན་གཞོན་འཕྲལ་སྒྲུབ་རུ་ཁག་དང་ན་གཞོན་དཔལ་ཡོན་རྟགས་ཅན་གྱི་གཙོ་གནད་བྱ་བའི་ནང་དོན་དང་། གྲུབ་འབྲས་གཙོ་བོ། ན་གཞོན་གྱི་བསམ་པའི་ཉམས་འགྱུར་བཅས་མཚོན་པར་བྱས། བྱེད་སྒོའི་ཚོགས་ར་ནས། ཚོགས་ཞུགས་མི་སྣས་ད་དུང་མཉམ་དུ་ལས་ཁུངས་དང་། ཁེ་ལས་སོ་སོའི་ན་གཞོན་འཕྲལ་སྒྲུབ་རུ་ཁག་དང་ན་གཞོན་དཔལ་ཡོན་རྟགས་ཅན་གྱི་བྱ་བའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་སློབ་སྦྱོང་བྱས།
ན་གཞོན་འཕྲལ་སྒྲུབ་རུ་ཁག་དང་ན་གཞོན་དཔལ་ཡོན་རྟགས་ཅན་དེ་ན་གཞོན་ལས་རིགས་ཀུན་སྤྱོད་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། ལས་རིགས་ན་གཞོན་གྱིས་ལས་གནས་སྟེང་བྱས་རྗེས་འཇོག་པར་ཁྲིད་སྟོན་བྱེད་པའི་དར་ཆ་ཞིག་ཏུ་གྱུར་ཡོད། མིག་སྔའི་བར་དུ་ཞིང་ཆེན་ཡོངས་སུ་ན་གཞོན་འཕྲལ་སྒྲུབ་རུ་ཁག408དང་། རྒྱལ་ཡོངས་ན་གཞོན་དཔལ་ཡོན་རྟགས་ཅན་ཐུན་མོང138། ཞིང་ཆེན་རིམ་པའི་ན་གཞོན་དཔལ་ཡོན་རྟགས་ཅན་ཐུན་མོང1411ཡོད།
གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཞིང་ཆེན་རིམ་པའི་ཚོགས་པ་དང་རྩ་འཛུགས་ཁག་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་ལ་གཏོགས་པའི་ཁེ་ལས་ཀྱི་འགན་ཁུར་བློ་མཐུན། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཁེ་ལས་ཀྱི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། ན་གཞོན་ལས་བྱེད་པ་དང་ལས་བཟོ་བའི་འཐུས་མི་བཅས་མི 500 ལྷག་བྱེད་སྒོར་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།