ཧྲིན་དབྱི་ཆིན “དྲུག་གཅིག”གི་བརྗོད་དོན་བྱེད་སྒོར་ཞུགས་ནས་གཏམ་བཤད།
2024.06.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ6པའི་ཚེས1ཉིན། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་དབྱི་ཆིན་ཀྲུང་གོ་བྱིས་པའི་ལྟེ་གནས་སུ་སོང་སྟེ། “རྒྱལ་ཁབ་ཆེན་པོའི་གཞོན་ནུ་རྣམས་ཀྱིས་ཕུགས་འདུན་འཚོལ་སྙེག་བྱས་ནས། ང་དང་མེས་རྒྱལ་མཉམ་དུ་འཚར་ལོངས་ཡོང་བར་བྱེད་པའི”བརྗོད་དོན་བྱེད་སྒོར་ཞུགས་ནས་རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོའི་དུས་ཆེན་ལ་རྟེན་འབྲེལ་ཞུས།  ཁོ་མོས“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲི་ཅང་སློབ་ཆུང་གི་སློབ་མར་འཕྲིན་ལན་བསྐུར་བ་དེའི་སྟེང་ནས། སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པ་རྣམས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་དང་རེ་བ་ཆེན་པོ་བཅངས་ཡོད་པ་སྒོ་ཀུན་ནས་མཚོན་ཐུབ། བྱིས་པ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་བསླབ་བྱ་བློ་ལ་བརྟན་པོར་ངེས་སུ་བཅུག་ནས། ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དུ་བཏང་སྟེ། དུས་དང་རྣམ་པ་ཀུན་ཏུ་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། ཏང་ལ་དགའ་ཞེན་བྱེད་པ་དང་རྒྱལ་གཅེས་ཀྱི་བསམ་བློ་འཛིན་པ། རང་སྟོབས་རང་སྤེལ་བྱེད་པ། ཡར་རྒྱས་འབད་བརྩོན་བྱེད་པ་བཅས་ཀྱི་དུས་རབས་གསར་པའི་ན་གཞོན་བཟང་པོ་ཞིག་ཏུ་འགྱུར་བར་འབད་དགོས་པའི་རེ་བ་བཏོན།

དུས་ཆེན་སྐབས་ཀྱི་ཀྲུང་གོ་བྱིས་པའི་ལྟེ་གནས་སུ་དགའ་སྤྲོའི་ཡོ་ལང་རབ་ཏུ་རྒྱས། ཧྲིན་དབྱི་ཆིན་བྱིས་པ་ཚོ་དང་མཉམ་དུ་བྱམས་བརྩེའི་ངང་བྱེད་སྒོར་ཞུགས་ནས། རྒྱལ་གཅེས་གླུ་གཞས་མཉམ་ལེན་བྱས་པ་དང་། བྱིས་པ་ཚོར་ཕུགས་འདུན་ཆེན་པོ་འཚོལ་སྙེག་བྱེད་པ་དང་ཚན་རིག་ལ་དགའ་ཞེན་བྱེད་པ། སློབ་སྦྱོང་ལ་འབད་འབུངས་བྱེད་པ། འདུ་ཤེས་བརྟན་པོ་སྦྱོང་བརྡར་བྱེད་པ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་མོ་འཁུར་ཐུབ་པའི་རྐང་འཛིན་མི་སྣ་རུ་འགྱུར་བར་འབད་འབུངས་བྱེད་དགོས་པའི་རེ་བ་བཏོན། ཁོ་མོས་རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་བྱིས་པ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་བྱིས་པ་འཕེལ་རྒྱས་གཏོང་བའི་རྩ་གནད་ལག་བསྟར་ཟབ་མོ་བྱས་ཏེ། བཅོས་མ་མ་ཡིན་པའི་སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་ལོ་ཆུང་བྱིས་པར་གཅེས་སྐྱོང་བྱེད་དགོས། རྒྱ་ཆེའི་བྱིས་པའི་ལས་ཀ་བྱེད་མཁན་གྱིས་བྱིས་པ་འཚར་ལོངས་འབྱུང་བའི་སྣེ་ཁྲིད་པ་དང་། བྱིས་པའི་ཁེ་དབང་གི་སྲུང་སྐྱོབ་པ། བྱིས་པའི་འབྱུང་འགྱུར་གྱི་ཕུགས་འདུན་སྐྲུན་མཁན་བཅས་ཡག་པོ་བྱས་ཏེ། བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།