ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས2ཉིན་གྱི་ཕྱི་དྲོར་པེ་ཅིང་གྲོང་ཁྱེར་དུ2024ལོའི་མཐོ་རྒྱུགས་ཀྱི་གྲ་སྒྲིག་བྱ་བར་ཞིབ་བཤེར་གནང་། ཁོང་གིས་བསྟན་དོན། མཐོ་རྒྱུགས་ཀྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐུལ་ཁྲིད་བྱས་ཡོད་ལ། རྒྱ་ཆེའི་ན་གཞོན་ཚོའི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་མཐོ་རྒྱུགས་རྩ་འཛུགས་ཀྱི་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས་པར་མ་ཟད། ནུས་ཤུགས་ཡོད་རྒུས་བདེ་འཇགས་མཐོ་རྒྱུགས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཞེས་གསུངས།
ཏེན་ཞུའེ་ཞང་ཐོག་མར་པེ་ཅིང་གྲོང་ཁྱེར་གྱི་སློབ་འབྲིང་བཅུ་གསུམ་པའི་རྒྱུགས་རར་ཕེབས་ནས་རྒྱུགས་ར་བཀོད་སྒྲིག་དང་། རྒྱུགས་སྒུག་དོ་དམ། ཞབས་ཞུའི་འགན་ལེན། རིག་ནུས་བདེ་འཇགས་ཞིབ་བཤེར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ཡུལ་དངོས་ཀྱི་ལས་བྱེད་མི་སྣ་དང་གླེང་མོལ་གནང་བར་མ་ཟད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་མཐོ་རྒྱུགས་ཀྱི་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་བློ་མཐུན་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཏེན་ཞུའེ་ཞང་གིས་བསྟན་དོན། རྒྱུགས་སྤྲོད་སློབ་མ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་བསྡུས་འགན་སྲུང་བྱ་བ་ཞིབ་ཚགས་ངང་ཡག་པོར་སྒྲུབ་པ། བློ་བདེ་བག་ཕེབས་ཀྱི་རྒྱུགས་ལེན་ཁོར་ཡུག་བསྐྲུན་ནས་རྒྱུགས་སྤྲོད་སློབ་མར་ཐུགས་ཁུར་གང་ལེགས་གནང་བཞིན་པ་མཚོན་པར་བྱེད་དགོས་ལ། ཁོ་ཚོས་བློ་བདེ་བག་ཕེབས་ངང་རྒྱུགས་སྤྲད་དེ་རྒྱུགས་འབྲས་བཟང་པོ་བླངས་ནས་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལམ་དུ་འགག་རྩའི་གོམ་སྟབས་ཡག་པོ་སྤོ་རུ་འཇུག་དགོས་ཞེས་གསུངས།
དེའི་རྗེས་སུ། ཏེན་ཞུའེ་ཞང་པེ་ཅིང་གྲོང་ཁྱེར་གྱི་སློབ་གསོ་རྒྱུགས་ལེན་ཁང་དུ་བསྐྱོད་དེ་རྒྱུགས་གཞི་དང་པོའི་སྒམ་དང་། རིག་ནུས་རྒྱུགས་གཞིའི་མཐའ་སྣེ། ཤོག་བུའི་ཡིག་རྒྱུགས་ཀྱི་ཡིག་ཚད་དཔྱད་ཤོག་དཔྱད་འབེབས་མ་ལག་སོགས་ཀྱི་སྒྲིག་ཆས་ལ་རྟོག་ཞིབ་མཛད་པ་དང་། པེ་ཅིང་གྲོང་ཁྱེར་གྱི་རྒྱལ་ཁབ་སློབ་གསོའི་རྒྱུགས་སྤྲོད་ཕྱོགས་བསྡུས་དོ་དམ་སྟེགས་བུར་བལྟས་པར་མ་ཟད། མཐོ་རྒྱུགས་ཀྱི་གྲ་སྒྲིག་བྱ་བའི་གནས་ཚུལ་སྙན་ཞུར་གསན། ཁོང་གིས་ནན་གྱིས་བསྟན་དོན། དྲང་གཞག་དྲང་བདེན་དང་བདེ་འཇགས་ནི་མཐོ་རྒྱུགས་ཀྱི་སྲོག་རྩ་ཡིན་པས་མཐོ་རྒྱུགས་བྱ་བའི་ལྷུ་ཚིགས་སོ་སོར་ཁྱབ་པར་བྱེད་དགོས། གསང་སྲུང་དོ་དམ་གཟབ་ནན་བྱེད་པ་དང་། རྒྱུགས་ཤོག་གི་བརྗོད་གཞི་དང་། པར་སྐྲུན། སྐྱེལ་འདྲེན། ཉར་ཚགས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྒྱུགས་སྲོལ་གཟབ་ནན་བྱས་ཏེ་རྒྱུགས་སྤྲོད་གཡོ་ལས་ལ་རྡུང་རྡེག་ནན་མོ་གཏོང་དགོས། རྒྱུགས་ཤོག་གི་རྒྱུ་སྤུས་དང་རྒྱུགས་སྤྲོད་བསྡུ་ལེན་བྱ་བར་གཟབ་ནན་བྱེད་དགོས། རྒྱུགས་ལེན་དྲང་གཞག་དང་། གོ་རིམ་ཡོངས་བསྒྲགས། མཇུག་འབྲས་དྲང་སྙོམ་བཅས་ཡོང་བར་འགན་སྲུང་བྱ་དགོས་པའི་བླང་བྱ་བཏོན། ཏེན་ཞུའེ་ཞང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མཐོ་རྒྱུགས་དེ་བཅོས་སྐྱོང་ནུས་པའི་རྒྱུགས་ཆེན་པོར་བརྩིས་ནས་ཞབས་ཞུའི་འགན་སྲུང་གི་བྱ་བ་སོ་སོ་དམ་འཛིན་ཏན་ཏིག་བྱས་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམས་པའི་རྒྱུགས་ཤོག་ཅིག་འབུལ་དགོས་ཞེས་བསྟན།
ཤ་བོ་གསེར་མཚོས་བསྒྱུར།