“ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྲུན”ཞེས་པའི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས།
2024.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ6པའི་ཚེས2ཉིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་གཙོ་སྒྲུབ་བྱས་པའི“ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྲུན”ཞེས་པའི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལའེ་ཚོགས་འདུར་ཞུགས་ནས་བརྗོད་དོན་གཏམ་བཤད་སྤེལ།

ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་དུ། དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་འཁུར་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྲུན་བྱ་རྒྱུའི་ཐད་འབོད་སྐུལ་གནང་ནས། ཀྲུང་གོའི་རིག་གནས་འཛུགས་སྐྲུན་ལ་དམིགས་འབེན་ཁ་ཕྱོགས་གསལ་སྟོན་གནང་ཡོད།  བཞུགས་མོལ་ཚོགས་འདུ་འཚོགས་ནས་ལོ་གཅིག་འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བསྐྱར་དྲན་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་མཐར་ཕྱིན་དང་གོ་བ་ཟབ་མོ་ལེན་པ། རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་མཉམ་དུ་བརྗེ་རེས་བྱེད་པ་བཅས་ཀྱི་ཐད་ནས་བཤད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པར་ངོས་འཛིན་བྱེད་ཀྱིན་ཡོད།

ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་གིས་སྲོལ་རྒྱུན་དང་དེང་རབས། འདས་ཟིན་པ་དང་འབྱུང་འགྱུར་བཅས་རིམ་པར་བརྒྱུད་ཡོད་ཅིང་། དེ་ནི་རླབས་ཆེན་གྱི་ལོ་རྒྱུས་འཕེལ་རིམ་ཞིག་ཡིན་ལ། མི་རྣམས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བའི་དམིགས་འབེན་དང་ཕུགས་འདུན་ཞིག་ཀྱང་ཡིན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྲུན་བྱེད་པར་ཅིས་ཀྱང་། དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་འཁུར་དགོས་པའི་འགན་འཁྲིའི་འཁུར་སེམས་དང་ཁ་ཚ་དགོས་གཏུག་གི་བསམ་པ་སྔར་ལས་ཇེ་ཆེར་གཏོང་བ་དང་། རིག་གནས་ཀྱི་ཡིད་རྟོན་སྔར་ལས་ཇེ་ཆེར་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པར་ཞིབ་འཇུག་གཏིང་ཟབ་བྱེད་པ་བཅས་བྱས་ཏེ། གནའ་དེང་དང་། ཀྲུང་གོ་དང་ནུབ་ཕྱོགས་མཉམ་འདྲེས་ཀྱི་རིག་གཞུང་གྲུབ་འབྲས་སྔར་ལས་གང་མང་བཏོན་ནས། རིག་གཞུང་དང་རིག་གནས་དར་རྒྱས་ལ་སྐུལ་འདེད་སྔར་ལས་གང་ལེགས་གཏོང་དགོས།  “ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱས་ཏེ། ཏང་གི་གཞུང་ལུགས་མ་ལག་གསར་གཏོད་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས།  རིག་གཞུང་གསར་གཏོད་ནུས་པ་མངོན་སུམ་ཆེ་རུ་གཏོང་བ་དང་། ཀྲུང་གོའི་གནས་ཚུལ་དངོས་ནས་རྐང་ཚུགས་པར་བྱེད་པ། ཀྲུང་གོའི་དོན་དངོས་ལ་ཞིབ་འཇུག་བྱེད་པ། ཀྲུང་གོའི་གཞུང་ལུགས་གོང་འཕེལ་གཏོང་བ་བཅས་བྱས་ཏེ། ཕྱི་རྒྱལ་གྱི་དགེ་མཚན་ལྡན་པའི་རིག་གཞུང་གྲུབ་འབྲས་བསྡུ་ལེན་དང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་ཚན་རིག་གི་འཇོན་མིའི་དཔུང་སྡེ་གསོ་སྐྱོང་བྱས་ནས། ཀྲུང་གོའི་རང་བདག་ཤེས་བྱའི་མ་ལག་མགྱོགས་མྱུར་ངང་འཛུགས་དགོས་ཟེར།

ཚོགས་འདུ་མ་འཚོགས་པའི་སྔོན་ལ། ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པའི་ལས་དོན་ལ་ཕྱིར་དྲན་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།