ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ། རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་སུན་ཡེ་ལིས་སར་ཝ་ཏའོ་ཙུང་ཐུང་གི་འགན་ཡུན་གསར་པའི་འགན་བཞེས་མཛད་སྒོར་ཞུགས།
2024.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

སར་ཝ་ཏའོ་ཙུང་ཐུང་པུའུ་ཁི་ཨར་གྱིས་གདན་ཞུ་བྱས་པ་ལྟར།     ཟླ6ཚེས1ཉིན།  ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ།  རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་སུན་ཡེ་ལིས་སར་ཝ་ཏའོ་རྒྱལ་ས་སན་སར་ཝ་ཏའོ་གྲོང་ཁྱེར་དུ་སར་ཝ་ཏའོ་ཙུང་ཐུང་པུའུ་ཁི་ཨར་གྱི་འགན་ཡུན་གསར་པའི་འགན་བཞེས་མཛད་སྒོར་ཞུགས། པུའུ་ཁི་ཨར་གྱིས་འགན་བཞེས་མཛད་སྒོའི་སྐབས་སུ་སུན་ཡེ་ལིས་དང་དུས་ཐུང་གི་ཐུག་འཕྲད་བྱས།

སུན་ཡེ་ལིས་ཀྱིས་པུའུ་ཁི་ཨར་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་བྱས་པ་དང་།  ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ6ཙམ་གྱི་རིང་ལ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་སྣེ་ཁྲིད་འོག  ཀྲུང་གོ་དང་སར་ཝ་ཏའོ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་མྱུར་དུ་འཕེལ་རྒྱས་སུ་སོང་ནས། རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དང་ནང་དོན་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ།  ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་སོང་བ་བཅས་ཀྱིས་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་དང་མདུན་ལྗོངས་མངོན་པར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སར་ཝ་ཏའོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བྱེད་པ་དང་། ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ། དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་བྱེད་པ།  སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་རྒྱ་ཆེར་བརྗེ་རེས་བྱེད་པ་བཅས་བྱས་ནས།  ཀྲུང་གོ་དང་སར་ཝ་ཏའོ་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

པུའུ་ཁི་ཨར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་མངག་ཕོ་ཉ་མངགས་ནས་ཁོའི་འགན་ཡུན་གསར་པའི་མཛད་སྒོར་ཞུགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།   སུན་ཡེ་ལིས་ལ་ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་བཞིན་པ་བརྒྱུད་བསྒྲགས་ཞུ་རོགས་བྱས།  པུའུ་ཁི་ཨར་གྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་སར་ཝ་ཏའོ་ཕྱོགས་ལ་གལ་འགངས་ཤིན་ཏུ་ཆེ། སར་ཝ་ཏའོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གཉིས་ཕན་མཉམ་ལས་མཉམ་རྒྱལ་གཏིང་ཟབ་ཏུ་སྤེལ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་སྔར་ལས་མཐོ་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།