ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་བཞུགས་མོལ་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས།
2024.06.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

 ཟླ6པའི་ཚེས3ཉིན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་བཞུགས་མོལ་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུར་མགོ་འཛིན་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་།  དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་བཀོད་སྒྲིག་ལྟར། བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་གསོའི་ཕན་འབྲས་ཇེ་མཐོར་བཏང་སྟེ།  སློབ་མར་གོ་སླ་བ་དང་།  ཡིད་ལ་འཛིན་བདེ་བ།    ཡིད་འགུག་ཐུབ་པ།  ཚེ་གང་བོར་ཕན་པ་ཐོབ་པ་བཅས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་ཞིག་འཛུགས་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་ཐོག་ཞིང་ཆེན་སློབ་གསོ་ཐིན་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་རང་ཞིང་གི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་གནས་ཚུལ་སྙན་ཞུ་བྱས་པ་དང་།  ཆོས་བཟང་སྒྲོལ་མ་དང་།  ཀྲའོ་ཡུང་ཧྭ། ཧྥང་ལིས་ཅང་།  ཧྲི་ཧུང་ཀྲན་སོགས་ཀྱིས་གཞི་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་གསོའི་སློབ་ཁྲིད་དང་།  བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཆེན་མོའི་ལས་སྒྲུབ་ཁང་གི་ནུས་པ་འདོན་སྤེལ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་དུ་འཛུགས་སྐྲུན།  བསམ་བློ་ཆབ་སྲིད་སློབ་གསོའི་ཞིབ་འཇུག་གསོ་སྦྱོང་རྟེན་གཞི་བསྐྲུན་པ་བཅས་ལ་དམིགས་ནས་གཏམ་བཤད་སྤེལ།

གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། ཁྲིན་ཀང་གིས་བསྟན་དོན། བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་བྱེད་པའི་དུས་རབས་ཀྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ་དང་། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སློབ་གསོའི་འགན་འཁྲིར་དམ་པོར་དམིགས་པ།  འཛམ་གླིང་ལ་ལྟ་བའི་མིག་རྒྱང་ཡོད་པ་དང་།  ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ཀྱི་ལངས་ཕྱོགས་ནས།  མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཞིང་ཆེན་གྱི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཏེ།   བསམ་བློ་ཆབ་སྲིད་སློབ་ཚན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་དགོས།  རང་ཞིང་གི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་ནང་དོན་གཙོ་བོ་ཁོང་དུ་ཆུད་པར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེན་པོ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བུ་བུ་མོར་ཐུགས་ཁུར་དང་བྱམས་བརྩེ་ཆེན་པོ་གནང་བ་བཅས་ལེགས་པོར་བཤད་དེ། སློབ་མས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།   སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལས་དོན་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་བྱེད་མཁན་དུ་འགྱུར་བར་སེམས་ཐག་གཅོད་པར་ཁྲིད་སྟོན་བྱེད་དགོས།  བསམ་བློ་ཆབ་སྲིད་སློབ་ཚན་དེ་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་གནད་འགག་གི་སློབ་ཚན་ཞིག་ཏུ་བརྩིས་ནས། སློབ་མའི་དོ་སྣང་བྱ་ཡུལ་དང་དཀའ་གནད་ཡོད་ས་དེ་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ནང་འདྲེས་པར་བྱེད་པ་དང་།  བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་བཅོས་སྒྱུར་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ།   སློབ་མས་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་བཅངས་པར་རོགས་རམ་བྱས་ནས།  ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་ཀྱི་བརྩེ་བ་ཟབ་མོ་བསྐྱེད་པ་དང་།   སློབ་མས་མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་སྤེལ་གཏོང་བ་བཅས་ཀྱི་བརྩོན་སེམས་སྐུལ་སྤེལ་གང་ལེགས་བྱེད་དགོས།

ཁྲིན་ཀང་གིས་ཏང་གིས་བསམ་བློ་ཆབ་སྲིད་སློབ་ཚན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་པར་ཤུགས་བསྣན་ཏེ།  ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཧུར་ཐག་གིས་བསམ་བློ་ཆབ་སྲིད་སློབ་ཚན་ལེགས་པོར་སྒྲུབ་པ་དང་། དགེ་རྒན་གྱིས་བསམ་བློ་ཆབ་སྲིད་སློབ་ཚན་ནན་ཏན་གྱིས་ཁྲིད་པ། སློབ་མས་ཧུར་ཐག་གིས་བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོར་སློབ་པ་བཅས་ཀྱི་བསམ་བློ་ཆབ་སྲིད་ཀྱི་བྱ་བའི་རྣམ་པ་ཆགས་པར་བྱེད་པ་དང་།  དགེ་རྒན་གྱི་སྟོབས་ཤུགས་བཀོད་སྒྲིག་དང་། དགེ་རྒན་གྱི་བརྩོན་སེམས་སྐུལ་སློང་བྱས་ཏེ། ཆབ་སྲིད་ཀྱི་སྟོབས་ཆེ་བ་དང་། བརྩེ་སེམས་ཟབ་པ། བསམ་གཞིགས་གསར་པ། མཐོང་རྒྱ་ཆེ་བ། རང་གཅུན་ནན་མོ།  མི་གཤིས་བཟང་བ་བཅས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་དཔུང་སྡེ་ཞིག་འཛུགས་པ། མཚོ་སྔོན་གྱི་དམར་པོའི་ཐོན་ཁུངས་དང་། སྐྱེ་ཁམས་ཐོན་ཁུངས། ལོ་རྒྱུས་རིག་གནས་ཐོན་ཁུངས། མི་རིགས་མཐུན་སྒྲིལ་སློབ་གསོའི་ཐོན་ཁུངས་བཅས་སློབ་ཁྲིད་ཀྱི་གཞི་རྒྱུ་གལ་ཆེན་ཞིག་ཏུ་བརྩིས་ནས།  བསམ་བློ་ཆབ་སྲིད་སློབ་ཚན་གྱི་སྤུས་དག་གི་ཁྱད་ལྡན་སྤུས་རྟགས་བསྐྲུན་པ་དང་། མཉམ་ཤུགས་ཆགས་པར་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་ཤུགས་སྣོན་པ།   སློབ་གྲྭའི་ཕྱི་ནང་མཐུན་སྦྱོར་མཉམ་འགུལ་མངོན་འགྱུར་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ཆུང་བ་དང་སྤྱི་ཚོགས་ཀྱི་སློབ་ཁྲིད་ཆེ་བས་ཕན་ཚུན་སྐུལ་འདེད་བྱེད་པ།  བསམ་བློ་ཆབ་སྲིད་སློབ་ཚན་གྱི་ཞིབ་འཇུག་སློབ་ཁྲིད་རྟེན་གཞི་ཁག་ཅིག་འཛུགས་སྐྲུན་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་བྱེད་པར་ཆ་རྐྱེན་བསྐྲུན་པ་དང་།  སྟེགས་བུ་བསྐྲུན་པ།   སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། དུས་རབས་ཀྱི་བསམ་བའི་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་གཏོད་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་དང་།  ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག མཐོ་རིམ་སློབ་གྲྭ་ཁག་གི་ཏང་ཨུའི་ཧྲུའུ་ཅི་དང་། མར་ཁེ་སི་རིང་ལུགས་སློབ་གླིང་གི་གླིང་གཙོ།  གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་སློབ་གསོ་ཅུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ།  སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་སློབ་གཙོའི་འཐུས་མི། འཐབ་ཕྱོགས་དང་པོའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ཕུལ་བྱུང་དགེ་རྒན་གྱི་འཐུས་མི་བཅས་ཚོགས་འདུར་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།