རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས4ཉིན་པེ་ཅིང་དུ་ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཧྥེ་ཏན་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨེ་ཨར་ཏོ་ཨན་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་གོ་དང་ཐུར་ཁེའི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་བརྗེ་རེས་དང་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་གོ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཡིན་པས། ཁྱབ་རྒྱ་ཆེ་བའི་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཇེ་ཆེར་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་ཤུགས་ཇེ་ཆེར་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་བསྐྲུན་པ་དང་། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཐུར་ཁེ་བར་གྱི་འཐབ་ཇུས་མཉམ་ལས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ཐུར་ཁེ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་དང་ཧུར་ཐག་གིས་དེའི་ནང་ཞུགས་ནས་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
ཧྥེ་ཏན་གྱིས་བསྟན་དོན། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་བྱེད་པ་དང་། ཐུར་ཁེ་རུ་ཀྲུང་གོའི་མངའ་ཁོངས་ཆ་ཚང་ལ་གཏོར་བརླག་གཏོང་བའི་བྱ་འགུལ་སྤེལ་མི་ཆོག ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཞི་བདེ་དང་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཤ་བོ་གསེར་མཚོས་བསྒྱུར།