ཟླ6པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལག་བསྟར་གཏིང་ཟབ་བྱས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ་ཆེད་དོན་སློབ་སྦྱོང་ཐེངས་བརྒྱད་པ་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་སློབ་སྦྱོང་ལ་མགོ་འཛིན་གནང་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་འཛིན་པ། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱད་དེ་ལས་དོན་ལ་སྐུལ་འདེད་གཏོང་བ་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་སྔར་ལས་ཇེ་ཆེར་བཏང་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་སློབ་གཙོ་མཱ་ཧོའེ་ཏི་ཡིས་འགྲེལ་བཤད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་དང་ཧི་ལིས་ཧྥིན། རྒྱལ་དོན་ཨུ་ཡོན་ཝུའུ་ཀྲིན་ལུང་བཅས་ཀྱིས་བརྗེ་རེས་གཏམ་བཤད་གནང་།
ལིས་ཆང་གིས་འཆད་ཁྲིད་དང་བརྗེ་རེས་གཏམ་བཤད་ལ་གསན་རྗེས་བསྟན་དོན། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཙོ་གནད་ལས་འགན་དང་བཟོ་སྐྲུན་གཙོ་བོ་ཞིག་ཡིན། དུས་བབ་དང་ལས་འགན་གསར་པའི་མདུན་དུ་སྲིད་གཞུང་གི་ལས་བྱེད་མི་སྣས་ཁྲིམས་སྐྱོང་འདུ་ཤེས་སྔར་ལས་ཇེ་ཆེར་གཏོང་བ་དང་། ཁྲིམས་སྐྱོང་ནུས་པ་ཇེ་ཆེར་གཏོང་བ། ཁྲིམས་སྐྱོང་གོམས་གཤིས་ཆགས་པར་བྱས་ཏེ་སྲིད་གཞུང་གི་བྱ་བ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་རྣམ་པས་སྤེལ་ཐུབ་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་སྔར་ལས་ལག་ལེན་མཐར་ཕྱིན་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་བསྟུན་ཐུབ་པར་བྱ་དགོས།
ལིས་ཆང་གིས་བསྟན་དོན། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་ནས་ཁྲིམས་འཛུགས་ཀྱི་ཞན་ཆ་དང་སྟོང་ཆ་མགྱོགས་མྱུར་ངང་གསབ་དགོས་པ་དང་། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་བླང་བྱ་དང་མི་འཚམ་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཡང་དུས་ཐོག་ཏུ་བཟོ་བཅོས་རྒྱག་པའམ་ཡང་ན་མེད་པར་བཟོ་རྒྱུར་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། “མྱུར་མགྱོགས”དང་དམིགས་སའི་རང་བཞིན་ཆེ་བའི་ཁྲིམས་འཛུགས་ལ་སྐུལ་འདེད་མང་ཙམ་བཏང་ནས་ཁེ་ལས་དང་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱ་དགོས། ཚད་ལྡན་གཟབ་ནན་དང་དྲང་གཞག དཔལ་ཡོན་ལྡན་པའི་ཁྲིམས་འཛིན་བྱེད་དགོས་ལ། ཤུགས་ཚད་ཡོད་ཅིང་དྲོད་ཚད་ཀྱང་ལྡན་དགོས་པ་དང་། འདྲ་མཉམ་དྲང་གཞག་གི་འཕེལ་རྒྱས་ཁོར་ཡུག་བསྐྲུན་རྒྱུར་ཤུགས་སྣོན་དགོས། སྲིད་འཛིན་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་ནས་རང་འགུལ་ངང་ཕྱོགས་གང་ཅིའི་ཐད་ཀྱི་ལྟ་སྐུལ་དང་ལེན་དང་སྲིད་འཛིན་ལྟ་སྐུལ་འཐུས་ཚང་དུ་བཏང་ནས་སྲིད་གཞུང་གི་བྱ་བ་ཐོག་མཐའ་བར་གསུམ་དུ་དྲོད་ཁོལ་ལྡན་པའི་ངང་འཁོར་སྐྱོད་བྱེད་དུ་འཇུག་དགོས།
ལིས་ཆང་གིས་ནན་གྱིས་བསྟན་དོན། རྒྱ་ཆེའི་ལས་བྱེད་པར་ཁྲིམས་ལྟར་སྲིད་འཛིན་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ། སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཁྲིམས་ལྟར་ལས་ཕྱོད་ཆེ་བའི་བྱ་བ་སྤེལ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ཤ་བོ་གསེར་མཚོས་བསྒྱུར།