ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཀྱི་འཐུས་ཚབ་ཚོགས་པ་ཁྲིད་དེ་སི་ཕན་ལ་འཚམས་འདྲི་བྱས།
2024.06.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

 སོ་ཏི་ཨ་རབ་ཀྱི་འཚམས་འདྲི་མཇུག་རྫོགས་རྗེས།  ཟླ6པའིཚེས1ཉིན་ནས་ཚེས4ཉིན་བར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་ཁྲིད་དེ་སི་ཕན་ལ་འཚམས་འདྲི་བྱས་པ་དང་།  ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ།  རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མཛའ་མཐུན་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་བཏང་།

འཚམས་འདྲི་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་སི་ཕན་གྱི་ཆབ་སྲིད་ལས་རིགས་ཀྱི་མི་སྣ་དང་བརྗེ་རེས་གཏིང་ཟབ་བྱས་པ་དང་།  མཚོ་སྔོན་གྱི་མཛའ་མཐུན་ཞིང་ཆེན་ཨ་ཝེ་ལར་བསྐྱོད།   ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་དེའི་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཁཱ་ལོ་སི﹒ཅ་ཞི་ཡ﹒ཀང་ས་ལེ་སིར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཀྲུང་གོ་དང་སི་ཕན་བར་གྱི་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ཞིང་། ཉེ་བའི་ལོ་ཤས་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དུས་རིམ་གསར་པར་སླེབས་ཡོད། མཚོ་སྔོན་དང་ཨ་ཝེ་ལ་ཞིང་ཆེན་གཉིས་ཀྱིས2002ལོར་ལག་གདང་སྦྲེལ་ནས་མཛའ་མཐུན་འབྲེལ་བ་བཙུགས་པའི་ཚུན་དུ།  ས་ཆ་གཉིས་ཀྱི་བརྗེ་རེས་དང་འགྲོ་འོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། ཕྱོགས་གཉིས་ཀྱིས་མཛའ་མཐུན་འགྲོ་འོང་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། དག་གཙང་ནུས་ཁུངས་དང་། སྐྱེ་ཁམས་ཡུལ་སྐོར། དངུལ་གཏོང་། ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བའི་རེ་བ་བཅངས་ཡོད།  འཚམས་འདྲི་བྱེད་སྐབས་ད་དུང་ཨ་ཝེ་ལའི་ཀྲུང་གོ་དང་སི་ཕན་གྱི་ཁེ་ལས་པའི་བརྗེ་རེས་ཀྱི་བྱེད་སྒོ་སྤེལ་བ་དང་། རང་ཞིང་གི་འབྲེལ་ཡོད་ཁེ་ལས་དང་ས་གནས་དེའི་ཁེ་ལས་ཀྱིས་འབྲེལ་མཐུད་དམ་པོ་བྱས་ཏེ། ཕྱོགས་མང་པོའི་ཐད་ནས་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་སྤེལ།  ཨོ་ལུན་སེ་ཞིང་ཆེན་སྲིད་གཞུང་གི་དམིགས་བསལ་འཐུས་མི། དཔལ་འབྱོར་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཀྲུའུ་ཞི་ལུའོ་སེན་ཏུའོ﹒ལུའུ་དབྱི་སི﹒ཧྥེ་ཨར་ནན་ཏི་སིར་ཐུག་འཕྲད་བྱེད་སྐབས།  ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཞིང་ཆེན་གཉིས་ཀྱི་མཉམ་ལས་མདུན་ལྗོངས་རྒྱ་ཆེ་བས།  ཁྱབ་ཁོངས་མང་པོའི་ཐོན་ལས་འབྲེལ་མཐུད་ལ་ཤུགས་སྣོན་དང་རིམ་པ་མང་བའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་རེ་བ་བྱེད་བཞིན་ཡོད་ཟེར།

ཚེས2ཉིན་དང་ཚེས4ཉིན། ཀྲུང་གོའི་མཚོ་སྔོན་སི་ཕན་གྱི་པཱ་སེ་ལོ་ནའི་ཀྲུང་གོའི་ཚོང་འབྲེལ་ཚོགས་འདུ་དང་། ཀྲུང་གོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དང་རྒྱལ་ཁབ་སྤྱི་གླིང་གི་ཆེད་དོན་ངོ་སྤྲོད་ཚོགས་འདུ་སྔ་གཞུག་ཏུ་སི་ཕན་གྱི་པཱ་སེ་ལོ་ན་དང་མ་ཏི་ལིས་རུ་འཚོགས་པ་དང་།  ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།   ཁོས་བཤད་རྒྱུར། ས་གནས་ཀྱི་བརྗེ་རེས་དང་མཉམ་ལས་ནི་ཀྲུང་གོ་དང་སི་ཕན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རབ་མཛེས་མཚོ་སྔོན་ནི་ཧ་ཅང་གཅེས་སུ་འོས་པའི་ས་ཆ་ཞིག་དང་།  རྒྱལ་ཁབ་སྤྱི་གླིང་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་མཚོན་པར་བྱེད་པའི་སྐར་ཁུང་ལྟ་བུ་ཡིན་ཞིང་།   རིག་གནས་ཡུལ་སྐོར་ནི་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་རྨང་གཞི་ཡིན། མཚོ་སྔོན་གྱི་ཁེ་ལས་དང་སི་ཕན་གྱི་ཀྲུང་གོའི་ཚོང་པས་འབྲེལ་གཏུག་དང་འབྲེལ་འདྲིས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཉམ་དུ་དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་ཀྲུང་གོ་དང་སི་ཕན་བར་གྱི་འབྲེལ་བ་འཛུགས་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བའི་རེ་བ་བཅངས་ཡོད།  སི་ཕན་གྱི་གྲོགས་པོ་སྔར་ལས་མང་པོ་མཚོ་སྔོན་དུ་ཡོང་ནས།  རིག་གནས་ཡུལ་སྐོར་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་འགྲོ་འོང་དང་བརྗེ་རེས་ཀྱི་ལེའུ་གསར་པ་འབྲི་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་བ་ཡིན་ཟེར།     ཝུའུ་ཞའོ་ཅུན་གྱིས་ད་དུང་ཚོགས་ཞུགས་སྐུ་མགྲོན་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་དང་སི་ཕན་གྱི་ཁྱད་ལྡན་ཐོན་རྫས་དང་དྲིལ་སྒྲོག་འགྲེམ་བྱང་ལ་ལྟ་སྐོར་བྱས།  སི་ཕན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཡའོ་ཅིན་དང་། པཱ་སེ་ལུའོ་ན་རུ་སྡོད་པའི་སྤྱིའི་གཞུང་ཚབ་ཚབ་མ་ཧུའུ་ཨེ་མེན། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་། མ་ཏི་ལི་ཀྲུང་གོའི་རིག་གནས་ལྟེ་གནས། སི་ཕན་གྱི་ཕྱི་སྡོད་རང་མིའི་ཚོང་བའི་ཚོགས་པ།  ཀྲུང་གོ་དང་སི་ཕན་གྱི་མཛའ་མཐུན་མཐུན་ཚོགས། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་ཁེ་ལས་ཀྱི་འཐུས་མི་སོ་སོར་འབྲེལ་ཡོད་བྱེད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝུའུ་ཞའོ་ཅུན་གྱིས་སི་ཕན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཡའོ་ཅིན་དང་། པཱ་སའེ་ལུའོ་ན་རུ་སྡོད་པའི་སྤྱིའི་གཞུང་ཚབ་ཚབ་མ་ཧུའུ་ཨའེ་མེན་ལ་ཐུག་འཕྲད་བྱེད་སྐབས། མཚོ་སྔོན་དང་སི་ཕན་བར་གྱི་སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བ་སོགས་ཀྱི་ཐད་བརྗེ་རེས་གཏིང་ཟབ་བྱས་ཏེ། ཁོ་ཚོས་སྔར་བཞིན་མཚོ་སྔོན་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རེ་བ་བཏོན།

འཚམས་འདྲིའི་སྐབས་སུ།   རང་ཞིང་དང་སི་ཕན་གྱི་ཨ་ཝེ་ལཱ་ཞིང་ཆེན་གཉིས་ཀྱིས་མཛའ་མཐུན་ཞིང་ཆེན་གྱི་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་པ་དང་། ཨོ་ལུན་སེ་ཞིང་ཆེན་དང་མཛའ་མཐུན་ཞིང་ཆེན་གྱི་མཉམ་ལས་འདོད་བློར་མིང་རྟགས་བཀོད། རང་ཞིང་གི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱིས་སི་ཕན་གྱི་འབྲེལ་ཡོད་ཕྱོགས་དང་མཉམ་ལས་ཀྱི་གྲོས་མཐུན་མང་པོ་བཞག

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།