ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཁིན་ཨིན་སློབ་ཆེན་གྱི་སློབ་གཙོ་ལཱ་མིན·ལེ་པོ་ལེ་ཐི་ལ་འཕྲིན་ལན་བསྐུར་ནས། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་སློབ་གྲྭའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་བརྩེ་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུའི་སྐུལ་ལྕག་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། 2006ལོར། ངས་ཁྱེད་ཚོའི་སློབ་གྲྭ་ནས་ཀྲུང་གོ་དང་ཨ་རིས་མཉམ་ལས་བྱས་ཏེ་ཝུན་ཀྲིག་ཁིན་ཨིན་སློབ་ཆེན་འཛུགས་པའི་གན་རྒྱ་འཇོག་པའི་མཛད་སྒོར་བདེན་དཔང་བྱས་མྱོང་། ཕྱོགས་གཉིས་ཀས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཝུན་ཀྲིག་ཁིན་ཨིན་སློབ་ཆེན་གྱིས་སློབ་གཉེར་གྲུབ་འབྲས་མངོན་གསལ་བླངས་ནས། ཀྲུང་གོ་དང་ཨ་རིའི་སློབ་གསོའི་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་ལས་གཞི་ཞིག་ཏུ་གྱུར་པ་ནི་དགའ་འོས་པ་ཞིག་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་ཡོད། སློབ་གསོ་བརྗེ་རེས་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ལྷག་པར་དུ་ག་གཞོན་ཕན་ཚུན་བར་རྒྱུས་ལོན་བྱེད་པར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པས། དེ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འབྱུང་འགྱུར་གྱི་བཟོ་སྐྲུན་ཞིག་རེད། ཁྱེད་ཀྱིས་འཕྲིན་ཡིག་ནང་ཝུན་ཀྲིག་ཁིན་ཨིན་སློབ་ཆེན་བར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཨ་རིའི་སློབ་མ་ཀྲུང་གོར་བརྗེ་རེས་དང་སློབ་སྦྱོང་བྱེད་པར་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་དེར་ངས་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་སློབ་གྲྭས་རྣམ་པ་སྣ་ཚོགས་བརྒྱུད་དེ་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོར་ཤེས་རྟོགས་དང་ཨ་རིར་རྒྱུས་མངའ་ཡོད་པའི་ན་གཞོན་གསོ་སྐྱོང་བྱས་ཏེ། ཀྲུང་གོ་དང་ཨ་རིའི་མཛའ་བརྩེ་ལ་སྐུལ་འདེད་གཏོང་ཆེད་འབྲེལ་བ་སྔར་ལས་མང་པོ་བསྐྲུན་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་ཁྱེད་དང་ཨ་རིའི་སློབ་གསོའི་ལས་རིགས་ཀྱི་མི་སྣ་གཞན་དག་ཀྲུང་གོར་ཕེབས་པར་དགའ་བསུ་ཞུ་བ་དང་། ངས་སློབ་གཙོ་ཟུར་པ་འབུམ་རམས་པ་ཧྥ་ལ་ཞི་ལ་འཚམས་འདྲི་གནང་བ་ཡང་བརྒྱུད་བསྒྲགས་གནང་རོགས་ཞེས་གསུངས།
2006ལོའི་ཟླ5པར། ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་ཞི་ཅིན་ཕིང་གི་སེམས་ཁུར་དང་སྐུལ་འདེད་འོག ཝུན་ཀྲིག་སློབ་ཆེན་དང་ཨ་རིའི་ཁིན་ཨིན་སློབ་ཆེན་གཉིས་ཀྱིས་དངོས་སུ་འཛུགས་པའི་གན་རྒྱ་བཞག་ནས་མཉམ་ལས་བྱས་ཏེ་ཝུན་ཀྲིག་ཁིན་ཨིན་སློབ་ཆེན་འཛུགས་རྒྱུ་གཏན་འབེབས་བྱས། 2014ལོར། སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་ནས་ཝུན་ཀྲིག་ཁིན་ཨིན་སློབ་ཆེན་དངོས་སུ་བཙུགས་པ་དང་། མིག་སྔར་དངོས་གཞི་དང་རབ་འབྱམས་པ། འབུམ་རམས་པའི་སློབ་མ4500ཙམ་ཡོད་པ་དང་། དངོས་གཞིའི་མཐར་ཕྱིན་སློབ་མ་སྐབས་བརྒྱད་མཐར་ཕྱིན་པ་དང་སློབ་མ་བསྡོམས་པས3300ལྷག་ཙམ་གསོ་སྐྱོང་བྱས། ཉེ་ལམ། ཨ་རིའི་ཁིན་ཨིན་སློབ་ཆེན་གྱི་སློབ་གཙོ་ལེ་པོ་ལེ་ཐི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་མཉམ་ལས་སློབ་གཉེར་གྱི་གནས་ཚུལ་དང་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་གྲོས་འགོ་དང་ལེན་བྱས་ཏེ་ཨ་རིའི་ན་གཞོན་ལོ་ཆུང་སྔར་ལས་མང་པོ་ཀྲུང་གོར་བརྗེ་རེས་སློབ་སྦྱོང་བྱེད་དུ་ཡོང་བར་རོགས་རམ་བྱས་ནས། ཀྲུང་གོ་དང་ཨ་རིའི་གཞོན་ནུའི་བར་བརྗེ་རེས་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།
ཤ་བོ་རིན་མཚོས་བསྒྱུར།