རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས6ཉིན་པེ་ཅིང་དུ་པཱ་ཞིའི་ཙུང་ཐུང་གཞོན་པ་ཨའར་ཁི་མེན་དང་གྲོས་མོལ་བྱས་པར་མ་ཟད་ཀྲུང་གོ་དང་པཱ་ཞིའི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པར་མཉམ་དུ་མགོ་འཛིན་གནང་།
ཧན་ཀྲིན་གྱིས་བསྟན་དོན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལུའུ་ལ་གཉིས་ཀྱིས་པེ་ཅིང་དུ་གྲུབ་འབྲས་གཟབ་རྒྱས་ལྡན་པའི་ཐུག་འཕྲད་བྱས་པ་དང་། དུས་རབས་གསར་པའི་ཀྲུང་གོ་དང་པཱ་ཞིའི་འབྲེལ་བའི་འབྱུང་འགྱུར་གསར་པར་སྣེ་ཁྲིད་བྱེད་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ད་ལོ་ནི་ཀྲུང་གོ་དང་པཱ་ཞིའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་ཡིན་ལ། མཐོ་རིམ་ཨུ་ཡོན་ལྷན་ཁང་གི་ལམ་སྲོལ་བཙུགས་ནས་ལོ20འཁོར་བའི་ལོ་ཡང་ཡིན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་གོ་དང་པཱ་ཞི་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། མཉམ་ལས་གཉིས་ཕན་སྒུལ་ཤུགས་སུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། ཞིང་ལས། ཚན་རྩལ། མཁའ་འགྲུལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་དངོས་ཡོད་ཀྱི་གྲུབ་འབྲས་ཐོབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་མཚོན་བཏོད་ཡོད།
ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་པཱ་ཞི་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསེར་གྱོམ་རྒྱལ་ཁབ་གལ་ཆེན་ཡིན་པས་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ལྡན། ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མདུན་དུ་ཕྱོགས་གཉིས་ཀྱིས་འཐབ་ཇུས་འབྲེལ་གཏུག་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་། གཉིས་ཕན་མཛའ་གྲོགས་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་པ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས།
ཨའར་ཁི་མེན་གྱིས་བསྟན་དོན། པཱ་ཞི་དང་ཀྲུང་གོའི་འབྲེལ་བ་དེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་ནས་འཐབ་ཇུས་ཀྱི་དོན་སྙིང་དང་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ལྡན་ཡོད། པཱ་ཞི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོ་ཚད་གསར་པར་མཐོ་རུ་གཏོང་འདོད་ཡོད། པཱ་ཞི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་སྟེང་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་འདོད་ཡོད།
ཧན་ཀྲིན་དང་ཨའར་ཁི་མེན་གྱིས་ཀྲུང་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་ཡན་ལག་ཨུ་ཡོན་ལྷན་ཁང11། ཀྲུང་གོ་དང་པཱ་ཞིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་ཉན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། སྔར་ལས་དངོས་གཉེར་ནུས་ཆེའི་བྱ་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ་ལག་གདང་སྦྲེལ་ནས་ཀྲུང་པའི་གཉིས་ཕན་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་མོས་མཐུན་བྱུང་།
ཚོགས་འདུའི་རྗེས་སུ། ཧན་ཀྲིན་དང་ཨའར་ཁི་མེན་གྱིས་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ལ་མིང་རྟགས་བཀོད་པ་དང་། ཕྱོགས་གཉིས་ཀྱི་དངུལ་གཏོང་དང་ཐོན་ནུས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་གནང་།
ཤ་བོ་གསེར་མཚོས་བསྒྱུར།