
སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་ཚེས6ཉིན་གྱི་སྔ་དྲོར་པེ་ཅིང་དུ་མཇུག་བསྡུས། གྲོས་ཚོགས་ལས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་རྐྱེན་སྲོལ་འཛུགས་པ་གྲོས་གཞིར་བཟུང་ནས་གྲོས་མོལ་སྲིད་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཝུའུ་ཉིང་གིས་མགོ་འཛིན་མཛད་དེ་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་རྐྱེན་སྲོལ་བཅོས་སྒྱུར་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་རྐྱེན་སྲོལ་རྒྱུན་འཁྱོངས་དང་ལེགས་བཅོས་བྱེད་རྒྱུ་དེ་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་གོ་གནས་གལ་ཆེན་དུ་བཞག་སྟེ། དཔལ་འབྱོར་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་བྱེད་པའི་ལས་འགན་གལ་ཆེན་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ཞིག་འཆར་འགོད་དང་བཀོད་སྒྲིག་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་ཏན་ཏིག་བླངས་ནས། རྒྱལ་ཁབ་ཕྱོགས་སྡུས་ནུས་པས་ལོ་རྒྱུས་རང་བཞིན་གྱི་རིམ་འཕེལ་མངོན་འགྱུར་བྱུང་། ང་ཚོས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་སྟེ། བསམ་བློ་དང་འགུལ་སྐྱོད་དེ་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། འགན་འཁྲི་ཁག་ཁུར་དང་སྤྱི་ཡོངས་ཞབས་ཞུའི་འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།
ཝང་ཝུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་རྐྱེན་སྲོལ་འཛུགས་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱིས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་རྐྱེན་སྲོལ་འཛུགས་པའི་ཁ་ཕྱོགས་རིང་བཞིན་དང་གཞི་རྩའི་རང་བཞིན། མིག་རྒྱང་རང་བཞིན་བཅས་ཀྱི་གནད་དོན་ལ་ལན་གསལ་བོ་ཞིག་བཏབ་པར་མ་ཟད། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། མི་དམངས་སྲིད་གྲོས་ཀྱིས་དེར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཡོ་འགུལ་མི་གཏོང་བ་གཉིས་དངོས་འབེབས་བྱེད་པ། ཚོང་རའི་དཔལ་འབྱོར་རྨང་གཞིའི་ལམ་ལུགས་ལེགས་བཅོས་བྱེད་པ། ཚད་གཞི་མཐོ་བའི་ཚོང་རའི་མ་ལག་འཛུགས་པ། ཆེ་ཕྱོགས་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། སྒོ་འབྱེད་རྣམ་པའི་དཔལ་འབྱོར་རྐྱེན་སྲོལ་གསར་བ་འཛུགས་པ་སོགས་ལ་དམིགས་ཏེ། རྟོག་ཞིབ་གྲོས་མོལ་གཏིང་ཟབ་ཏུ་གཏོང་བ་དང་། དམངས་གཙོ་ལྟ་སྐུལ་ལ་ཤུགས་སྣོན་པ། ཐུན་མོང་འདུ་ཤེས་གཅིག་སྡུད་རྒྱ་ཆེར་བྱེད་པ། རང་འགུལ་ཧུར་ཐག་གིས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་རྐྱེན་སྲོལ་འཛུགས་པར་ཐབས་ཇུས་དང་སྟོབས་ཤུགས་འབུལ་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། སེམས་ཞིབ་མོས་རྒྱལ་ཡོངས་སྲིད་གྲོས་རྩ་འཛུགས་བྱས་ཏེ་ཀྲུང་གུང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ནན་ཏན་གྱིས་བསྒྲུབ་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བར་ཤུགས་བསྣན་ནས། སྲིད་གྲོས་ལས་ཁུངས་དེ་སྲིད་གྲོས་ཨུ་ཡོན་གྱི་གཞི་རྟེན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
བརྡས་ཐག་བཅད་པ་བརྒྱུད། གྲོས་ཚོགས་སྟེང་མཱ་ཞའོ་ཝེ་དང་། དབྱི་ཧོས་མན། ཚའོ་ཅུན་བཅས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དུ་ཁ་སྣོན་བྱེད་རྒྱུ་ཐག་བཅད་པ་དང་། ཧུའུ་ཧིན་ལུའུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པར་བསྐོ་འཇོག་བྱས་ཤིང་། དབྱི་ཧོས་མན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་སྡོད་ཀྲུའུ་རིན་གཞོན་པར་བསྐོས་པ་དང་། མཱ་ཞའོ་ཝེ་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བསྐོས་ཤིང་། ཚའོ་ཅུན་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཚོགས་སྡོད་ཀྲུའུ་རིན་གཞོན་པར་བསྐོས། སུའེ་ཆིན་གྱིས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཚོགས་སྡོད་ཀྲུའུ་རིན་གཞོན་པའི་འགན་ཁུར་རྒྱུ་མ་རེད། གྲོས་ཚོགས་སྟེང་བློ་མཐུན་ཀྲང་ཞའོ་མེན་གྱིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་གྱི་འགན་དགོངས་ཞུ་བྱེད་པའི་ཐག་གཅོད་དང་། ཝང་ཀྲིན་གྱིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་དགོངས་ཞུ་བྱེད་པའི་ཐག་གཅོད་ལ་གྲོས་འཆམ་བྱུང་། གྲོས་ཚོགས་སྟེང་ཀོའུ་ཀྲུང་ཝུན་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་གནས་ལེན་པ་དང་། ཨུ་ཡོན་གྱི་ཐོབ་ཐང་ཕྱིར་འཐེན་བྱེད་རྒྱུའི་ཐག་གཅོད་ལ་གྲོས་འཆམ་བྱུང་ཞིང་། ཧྲི་ལའེ་དང་ཐང་དབྱི་ཅུན་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཐོབ་ཐང་ཕྱིར་འཐེན་བྱེད་པར་རྗེས་མཆན་བཀོད།
གྲོས་ཚོགས་མཇུག་བསྡུས་རྗེས། ཆིན་ཧྭ་སློབ་ཆེན་གྱི་བསྡུས་གྲུབ་གློག་ལམ་སློབ་གླིང་གི་སློབ་གཙོ་གཞོན་པ་དབྱིན་ཧྲུག་དབྱི་གྱིས་གདན་ཞུ་ལྟར་ཁ་བྱང་ལ་རང་རྒྱལ་གྱི་ཉིང་ལྷེབ་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལྗོངས་དང་འགྲན་སློང་ཞེས་པའི་སློབ་སྦྱོང་འཆད་ཁྲིད་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།