ཟླ6པའི་ཚེས7ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། རང་ཞིང་གི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་གསལ་བཤད་ཟབ་མོ་གནང་ནས། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ཟབ་སྤེལ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱའི་སྟེང་གཅིག་གྱུར་ཡོང་བར་བྱས་ནས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཁྲོད་ནས་དེ་ལག་བསྟར་དོན་འཁྱོལ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། གནད་དོན་ལ་ཐད་ཀར་གདོང་གཏོད་ཕོད་པ། སྒྲིག་འགལ་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། “ཆེས་ཉུང་བར” ཆད་པ་གཅོད་པ་དང་“ཆེས་མང་བར”གསལ་འདེབས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་སྒྲིག་ཁྲིམས་དང་སྒྲིག་ལམ་ཁྲག་རྒྱུན་ནང་འདྲེས་པར་བྱས་ནས། སྒྲིག་ཁྲིམས་སྒྲིག་ལམ་སྲུང་རྒྱུ་རྒྱུན་ལྡན་དུ་འགྱུར་བར་ཁྲིད་སྟོན་བྱེད་དགོས། དམ་འཛིན་ལྷོད་མེད་དང་ནན་འཛིན་ཆད་མེད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་བསྡུས་བཅོས་སྐྱོང་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གཟབ་ནན་གྱི་གཞི་གདངས་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་རྣམ་པ་བཅས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། ཏང་ཀྲུང་དབྱང་གི་དུས་རབས་གསར་པའི་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་ངང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྲིད་ཇུས་ཞིབ་འཇུག་དང་འབྲེལ་མཐུད་ཧུར་ཐག་བྱས་ནས། རང་འགུལ་ངང་དབུས་རྒྱུད་ས་ཁུལ་གྱི་ཞིང་ཆེན་བར་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བའི་ཁྲོད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། ཏང་གིས་དངུལ་རྩའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཏང་ཀྲུང་དབྱང་གི་དངུལ་རྩའི་ཉེན་ཁ་འགོག་སེལ་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། སྲིད་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ། ཕྱོགས་སོ་སོར་རང་འགན་འཁུར་དུ་བཅུག་སྟེ། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སྤུས་ཚད་མཐོ་བའི་ལས་ཞུགས་འདང་ངེས་ཡོང་བར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཡང་དག་བྱས་ནས། ལས་ཞུགས་སྔོན་ལ་སྤེལ་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། “མཐོ་ས”བསྐྲུན་པ་དང“གནས་བཞི”འཛུགས་སྐྲུན་བྱས་པ་བརྒྱུད་ལས་ཞུགས་གོ་སྐབས་སྔར་ལས་ཇེ་མང་དུ་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་དམ་འཛིན་དང་དེ་འབུར་ཐོན་ཡོང་བར་བྱེད་པ། རིགས་དབྱེ་ཞིབ་འཇུག་དང་ཐབས་ཇུས་ལག་བསྟར་བྱས་ཏེ། ལས་ཞུགས་མཁོ་སྤྲོད་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་དགོས། ལས་ཞུགས་ཀྱི་ཁེ་དབང་འགན་སྲུང་དམ་འཛིན་ཡག་པོ་བྱེད་པ་དང་། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ནན་མོ་བྱས་ནས། སྤུས་ཚད་མཐོ་ཞིང་ལས་ཞུགས་འདང་ངེས་ཡོང་བར་སྔར་ལས་སྐུལ་འདེད་གཏོང་ཆེད། དེ་བསྟུན་གྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གྲོང་གསེབ་ཀྱི་ལམ་བཟང་བཞི”འཛུགས་སྐྲུན་སྔར་ལས་ཡག་པོ་བྱེད་དགོས་པའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། ཉམས་མྱོང་དང་བྱེད་ཐབས་བཟང་པོ་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་བྱས་ནས། སྟོབས་ཤུགས་གཅིག་སྡུད་དང་གཙོ་གནད་ཐོད་བརྒལ་བྱས་ཏེ། གྲོང་གསེབ་ཀྱི་གཞུང་ལམ་སྔར་ལས་ཇེ་བཟང་ཇེ་ཡག་ཏུ་གཏོང་བའི་སྐོར་ཐེངས་གསར་པའི་འགུལ་སྐྱོད་ལག་བསྟར་ནན་མོ་བྱས་ནས། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་དེར་དོ་དམ་ཡག་པོ་བྱེད་པ། དེ་བེད་སྤྱོད་ཡག་པོ་བྱེད་པ། དེར་སྲུང་སྐྱོབ་ཡག་པོ་བྱེད་པ་བཅས་བྱས་ནས། “གྲོང་གསེབ་ཀྱི་ལམ་བཟང་བཞི”དེ་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཏུ་འགྱུར་བར་འབད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གི་དུས་རབས་གསར་པའི་སྤྱི་བདེ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་དེར་གོ་བ་ཡང་དག་བླངས་ནས། རྒྱལ་ཡོངས་ཀྱི་སྤྱི་བདེ་བྱ་བའི་གྲོས་ཚོགས་ཀྱི་བླང་བྱ་གཞིར་བཟུང་སྟེ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། འཐབ་རྩོད་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ནུས་པ་ཇེ་ཆེར་གཏོང་བ། བྱ་བའི་ཉམ་ཞན་སར་དོ་སྣང་བྱེད་པ་བཅས་བྱས་ནས། སྤྱི་བདེ་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་དང་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་ནས་ཉེན་རྟོག་པའི་གཞི་རིམ་སྟོབས་ཤུགས་ཇེ་ཆེར་གཏོང་བར་འབད་རྒྱུ་དང་། ཚན་རྩལ་གྱི་རམ་འདེགས་ལ་ཤུགས་སྣོན་པ། གཞི་རིམ་གྱི་རྨང་གཞི་བརྟན་པོ་འདིང་བ་བཅས་བྱས་ཏེ། སྤྱི་བདེ་བྱ་བ་དེང་རབས་ཅན་དུ་སྒྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་སློབ་གསོ་དང་སྦྱོང་བརྡར་ལ་མཐོང་ཆེན་བྱས་ཏེ། སྤྱི་བདེའི་ཧྲག་དམག་བསྐྲུན་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་དང་། མི་དམངས་ཀྱི་བདེ་སྐྱིད་དང་ལྷིང་འཇགས་ལ་སྲུང་སྐྱོབ་བྱེད་པའི་བླ་ན་མེད་པའི་འགན་འཁྲི་ལྷག་བསམ་རྣམ་དག་སྒོས་ལག་བསྟར་ཡག་པོ་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི། ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་བློ་ཐག་རྦད་ཆོད་སྒོས་ཕྲག་སྟེང་དུ་བླངས་ནས། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ།“མགོ་མཇུག་དོ་མཉམ་པ་དང”“མགོ་སྐོར་བཏང་ནས་ཉི་མ་འཁྱོལ་ཐབས་བྱེད་པ”“དོན་དངོས་དང་རིང་དུ་གྱེས་པ”“དབྱེ་བ་གང་ཡང་མི་འབྱེད་པ”སོགས་ཀྱི་གནད་དོན་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་བཀག་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཉེན་བརྡའི་བརྙན་རིས་ལས་མངོན་པའི་གནད་དོན་དག་ཐེར་དང་ལེགས་བཅོས་བྱེད་པའི་བྱ་བ་ནུས་ལྡན་ངང་སྤེལ་དགོས། སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པར་ཆད་ལུས་མེད་པ་རྒྱུན་འཁྱོངས་དང་། སྐྱེ་ཁམས་ཁོར་ཡུག་ལ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་སྤེལ་བ། ཉེན་ཁ་དང་འགལ་རྐྱེན་སྣ་ཚོགས་ལ་ཞིབ་བཤེར་བཅོས་སྒྲིག་བཅས་བྱས་ཏེ། ཆབ་སྲིད་ཀྱི་ཕན་འབྲས་དང་སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་བྱེད་དགོས། འགལ་བ་གཙོ་བོ་དམ་འཛིན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་དག་ཐེར་བཅོས་སྒྲིག་ཇུས་གཞི་བཟོ་བ་དང་། དག་ཐེར་བཅོས་སྒྲིག་བྱེད་ཐབས་ཞིབ་ཚགས་དང་དོན་དངོས་སུ་འགྱུར་བར་བྱེད་པ། རང་བདག་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་གཞི་གཅིག་ཏུ་དོན་འཁྱོལ་བྱས་ཏེ། གནད་དོན་སྣ་ཚོགས་དག་ཐེར་བཅོས་སྒྲིག་མཐར་ཕྱིན་ཡོང་བར་སྐུལ་འདེད་གཏོང་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།