ཝང་དབྱི་གསེར་གྱོམ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་ལ་ཞུགས།
2024.06.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ6པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ནོའུ་ཧྥུའུ་ཀི་ལོ་ཏི་ཞོལ་མ་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་མོལ་ལ་ཞུགས།

ཝང་དབྱི་ཡིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཁྱད་ཆོས་ལྡན་པ་དང་མྱུར་ཚད་དང་ཤུགས་ཚད་ལྡན། ང་ཚོས་ཁོངས་གཏོགས་རྒྱལ་ཁབ་རྒྱ་བསྐྱེད་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་མགོ་རྩོམ་པའི་ལེའུ་གསར་པ་བསྐྲུན་ཡོད་ཅིང་། འགུག་ཤུགས་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་རྒྱུན་མཐུད་ངང་འགུག་ནུས་ཇེ་དྲག་ཏུ་སོང་། ང་ཚོ་སྤོབས་པ་ཆེན་པོས་རླབས་རྩེར་འབྲངས་པ་དང་ཕན་ཚུན་རོགས་འདེགས། མཐུན་སྒྲིལ་སེམས་གཅིག་གིས་གནད་དོན་དངོས་ལ་གདོང་གཏད་པས། གསེར་གྱོམ་རྒྱལ་ཁབ་ཀྱི་སྙན་གྲགས་སྔར་ལས་རྒྱས་པ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་སྐད་སྒྲ་སྔར་ལས་ཤུགས་དང་ལྡན་པར་གྱུར་ཡོད་ཟེར།

ཝང་དབྱི་ཡིས་བསྟན་དོན། མིག་སྔར་རྐང་བཙུགས་ན་གསེར་གྱོམ་རྒྱལ་ཁབ་ཀྱིས་ལོ་བརྒྱའི་འགྱུར་ལྡོག་ཁྲོད་མཐོ་སར་འབྲངས་ནས་རྒྱང་ལ་བལྟས། མིག་སྔར་རྒྱལ་ཁབ་ཆེན་མོ་རེ་འགས་འཇམ་འཐབ་ཀྱི་འདུ་ཤེས་ཡང་བསྐྱར་བཟུང་ནས་ས་ཁུལ་གྱི་ཆབ་སྲིད་བར་ཁྱམས་གསར་བ་ཆགས་པར་བྱས་ཏེ། མངོན་སུམ་འཛེམ་མེད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལ་ངོ་རྒོལ་བྱས་པ་དང་། ཕྱོགས་མང་རྐྱེན་སྲོལ་གྱི་དབང་གྲགས་རང་བཞིན་ཁྱུར་མིད་བྱེད་བཞིན་ཡོད། དཔལ་འབྱོར་གནད་དོན་ཆབ་སྲིད་ཅན་དང་། བདེ་འཇགས་མིན་པ་ཅན་དུ་བསྒྱུར་བའི་ཐད་ནས་ཕྱོགས་གཅིག་བཀག་སྡོམ་དང་ཚན་རྩལ་བཀག་རྒྱ་ཇེ་མང་དུ་འགྲོ་བཞིན་ཡོད། འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བ་དང་ཞི་བདེ་སྲུང་སྐྱོབ་ཀྱི་སྣེ་གཅིག་བཙན་དབང་ཅན་གྱི་སྟོབས་ཤུགས་གཉིས་ཀྱི་འགྲན་སྡུར་དང་། དཔལ་འབྱོར་འཛམ་གླིང་ཅན་དང་འཛམ་གླིང་ཧྲིལ་བོར་རྒོལ་བའི་འཕེལ་ཕྱོགས་གཉིས་ཀྱི་རྩུབ་བརྡར་གྱི་མདུན་ནས། ང་ཚོས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བསྟུན་ནས་དྲང་བདེན་དང་འདྲ་མཉམ་གྱི་ཕྱོགས་སུ་འབྲངས་ཏེ་ཡང་དག་པའི་གདམ་གསེས་བྱེད་དགོས། མ་འོངས་པར་ཁ་ཕྱོགས་ན། གསེར་གྱོམ་རྒྱལ་ཁབ་ཆེན་མོར་ཁག་ཁུར་དང་བརྩོན་སེམས་ཡོད་དགོས། གསེར་གྱོམ་རྒྱལ་ཁབ་ཆེན་མོའི་འཐབ་ཇུས་དོན་སྙིང་དང་ཆབ་སྲིད་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། གསེར་གྱོམ་རྒྱལ་ཁབ་དེ་གསར་དར་ཚོང་ར་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ། འཛམ་གླིང་ཧྲིལ་བོར་ཁ་ཕྱོགས་པ། དཀྱེལ་ཡངས་ཆེ་བའི་རྣམ་པ་གསར་བའི་ཕྱོགས་མང་རིང་ལུགས་ཀྱི་མཉམ་ལས་རྐྱེན་སྲོལ་ཞིག་ཏུ་གསར་བསྐྲུན་བྱེད་དགོས་ཟེར།

དེའི་ཕྱིར་གཅིག་ནས་ཕྱོགས་མང་རིང་ལུགས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། འཛམ་གླིང་ཡོངས་ཀྱི་མ་འོངས་པའི་འཕེལ་རྒྱས་ཐད་ཇུས་གཞི་གསར་བ་འབྲི་དགོས་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲངས་ལྡན་དཔལ་འབྱོར་དང་མིའི་བཟོས་རིག་ནུས་སོགས་ཀྱི་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། འདྲ་མཉམ་ཟབ་ཞུགས་དང་འདྲ་མཉམ་ཁེ་ཕན་ཐོབ་པར་འགན་སྲུང་བྱེད་དགོས།

གཉིས་ནས་ཞི་བདེ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་བཏང་སྟེ། ཆབ་སྲིད་ལ་བརྟེན་ནས་གནད་དོན་གལ་ཆེན་ཐག་གཅོད་བྱེད་པར་རོགས་འདེགས་གསར་བ་འདོན་སྤྲོད་བྱེད་དགོས་པ་དང་། གསེར་གྱོམ་རྒྱལ་ཁབ་ཀྱིས་སྒེར་ཚུགས་རང་བདག་དང་དངོས་ཡོད་དྲང་བདེན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བདེའི་ཐུན་མོང་ངོས་འཛིན་གཅིག་བསྡུ་བྱས་ནས་སྐབས་འཚོལ་ངན་སྐུལ་བྱེད་པའི་འཇམ་འཐབ་གསར་བར་ངོ་རྒོལ་བྱེད་དགོས།

གསུམ་ནས་སྒོ་འབྱེད་དཀྱེལ་ཡངས་དང་མཉམ་ལས་མཉམ་རྒྱལ་གྱི་གསེར་གྱོམ་རྒྱལ་ཁབ་ཀྱི་ཐོག་མའི་སེམས་འདུན་ཇེ་བརྟན་དུ་བཏང་སྟེ། གསེར་གྱོམ་རྒྱལ་ཁབ་ཀྱི་དངོས་གཉེར་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་བྱེད་དགོས། གསེར་གྱོམ་རྒྱལ་ཁབ་ཆེན་མོའི་ཐོན་ཁུངས་དང་ཚོང་རའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། དངུལ་ལོར་དང་ཉོ་ཚོང་མཉམ་ལས་ཀྱི་འདེགས་སྐྱོར་ནུས་པ་དང་ནུས་ཁུངས་དང་འབྲུ་རིགས་བདེ་འཇགས་མཉམ་ལས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་བྱས་ཏེ། མཉམ་ལས་ཀྱི་སྒུལ་ཤུགས་ནུས་པ་གསར་བསྐྲུན་དང་མི་གཞུང་བརྗེ་རེས་ཀྱི་སྦྲེལ་ཐག་ནུས་པར་བརྟེན་ནས། གསེར་གྱོམ་རྒྱལ་ཁབ་ཀྱི་དངོས་གཉེར་མཉམ་ལས་ཀྱི་རིམ་པ་འཕར་བར་སྐུལ་འདེད་བཏང་སྟེ་ཁཱ་ཧྲན་གྱི་མཐོ་རིམ་གྲོས་ཚོགས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་འགན་སྲུང་བྱེད་དགོས།

ཚོགས་ཞུགས་རྒྱལ་ཁབ་སོ་སོས་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་དང་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕྱོགས་སོ་སོས་གསེར་གྱོམ་རྐྱེན་སྲོལ་གྱི་ནུས་པ་གལ་ཆེན་དང་ཁོངས་གཏོགས་རྒྱལ་ཁབ་རྒྱ་བསྐྱེད་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། སྔར་ལས་མང་བའི་རྒྱལ་ཁབ་དག་གསེར་གྱོམ་མཉམ་ལས་ནང་ཞུགས་ན་འཛམ་གླིང་གི་སྣེ་མང་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་ཐུབ་པ་དང་། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་འདྲ་མཉམ་ལུགས་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ་གྲོགས་པོའི་རྒྱལ་ཁབ་འཛུགས་པར་རྒྱབ་སྐྱོར་བྱེད་ཐུབ་པར་འདོད། ཕྱོགས་སོ་སོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། རྒྱལ་སྤྱིའི་དངུལ་ལོར་སྒྲོམ་གཞིའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་དང་འཐུས་ཚང་དུ་བཏང་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གཏམ་བཤད་དབང་ཆ་དང་འཐུས་ཚབ་རང་བཞིན་ཇེ་མཐོར་གཏོང་དགོས་པའི་འབོད་སྐུལ་བཏང་། ཕྱོགས་སོ་སོས་གྲོས་མོལ་ལ་བརྟེན་ནས་ཞི་བའི་སྒོ་ནས་རྩོད་གླེང་ཐག་གཅོད་བྱས་ཏེ་ཞི་བའི་སྒོ་ནས་ཉམས་ཉེན་ཐག་གཅོད་བྱེད་པར་ཕན་པའི་བྱ་བ་གང་རུང་ལ་རྒྱབ་སྐྱོར་བྱེད་དགོས་པ་ནན་བཤད་བྱས།

གྲོས་མོལ་སྐབས་སུ། ཝང་དབྱི་ཡིས་སོ་སོར་ལའོ་ཝའོ་ཡི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཧྲ་ལོན་སེ་དང་། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ། པཱ་ཞིའི་ཕྱི་འབྲེལ་བློན་ཆེན་ཝེ་ཨེ་ལཱ། ཨ་ཧྥེ་རི་ཁ་གླིང་གི་ཕྱི་འབྲེལ་བློན་ཆེན་ཕན་ཏའོ་ཨར། ཨེ་ཙེ་ཨོ་ཕི་ཡཱའི་ཕྱི་འབྲེལ་བློན་ཆེན་ཐཱ་ཡེ། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཚབ་མ་པཱ་ཀའེ་ལི་བཅས་ལ་ཐུག་འཕྲད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།