ཟླ6པའི་ཚེས7ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་མཆན་ཐོབ་པའི་བདག་གཉེར་གྱི་ཆེད་དོན་རྟོག་ཞིབ་སྤེལ། རྟོག་ཞིབ་ཚན་ཆུང་གིས་ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་སྙན་ཞུ་ལ་ཉན་རྗེས། རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་མཆན་ཐོབ་པའི་བདག་གཉེར་ཚོད་ལྟ་བྱེད་པའི་གནས་ཚུལ་དང་འབྲེལ་ཡོད་ཉམས་མྱོང་། དེའི་ཐད་ཀྱི་གནད་དོན་སོགས་ལ་དམིགས་ནས་གོ་རིམ་རྗེས་མའི་བྱ་བའི་གྲོས་གཞི་བཏོན།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ནི་རྒྱལ་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་གསུམ་འཛུགས་སྐྲུན་བྱེད་བཞིན་པའི་ཞིང་ཆེན་གཅིག་པུ་ཡིན་པ་དང་། རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་མཆན་ཐོབ་པའི་བདག་གཉེར་ཐད་འཚོལ་ཞིབ་བྱེད་པ་དང་ཚད་ལྡན་དུ་གཏོང་རྒྱུ་ནི། ཞིང་ཆེན་ཏང་ཨུས་གཏན་ཁེལ་བྱས་པའི་རྟོག་ཞིབ་དཔྱད་གཞི་གཙོ་བོ་ཡིན་ལ། དམངས་ཆེན་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་གཡོལ་ཐབས་མེད་པའི་འགན་འཁྲི་ཡང་ཡིན་པ་དང་། རྒྱལ་ཁབ་སྤྱི་གླིང་ལ་ཆུ་ཚད་མཐོན་པོས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་གལ་ཆེ།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་མཆན་ཐོབ་པའི་ཚོང་གཉེར་སྤེལ་ན། ཐོག་མར་སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། མཚོ་སྔོན་གྱི་བྱ་བའི་ཐད་ནས་སྐྱེ་ཁམས་རྩ་གནད་དུ་འཛིན་པའི་འདུ་ཤེས་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་བ་ལས། ཁོར་ཡུག་བློས་བཏང་བར་བརྟེན་ནས་འཕེལ་རྒྱས་སུ་གཏོང་བའི་སྣང་ཚུལ་ནམ་ཡང་མི་འབྱུང་བར་བྱེད་པ་དང་། གུས་སྐྲག་གི་སེམས་པས་སྐྱེ་ཁམས་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་ཡུལ་སྐོར་འཕེལ་རྒྱས་ཐད་ཀྱི་ཚད་མཐའ་བརྟན་སྲུང་བྱས་ནས། གནས་ལུགས་ཆུང་བས་གནས་ལུགས་ཆེན་པོར་བསྟུན་དགོས། རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་མཆན་ཐོབ་པའི་བདག་གཉེར་གྱི་ཁྲིམས་བཀོད་རེ་བར་རྒྱུས་ལོན་ཡང་དག་བྱེད་པ་དང་། རང་འགུལ་གྱིས་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་བརྒྱུད་རིམ་གྱི་རྗེས་སུ་འབྲངས་པ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལག་ལེན་གྲུབ་འབྲས་ལ་རྐང་འཛུགས་པ། ཁྲིམས་འཛུགས་ཀྱི་ཞུ་གཏུག་མཚོན་པར་བྱེད་པ། མཚོ་སྔོན་གྱི་རིག་སྟོབས་འབུལ་བ། དེ་དང་མཉམ་དུ་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་བྱ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་པ། མཐོ་རིམ་ཇུས་འགོད་ལ་སྐུལ་འདེད་བཏང་སྟེ། ལག་ལེན་ལ་འཚོལ་ཞིབ་བྱེད་པའི་ཁྲོད་རྩ་དོན་གཏན་ཁེལ་བྱེད་པ་དང་སྒྲིག་ལམ་འཛུགས་དགོས། རི་བོ་གཉིས་ཀྱི་གཞུང་ལུགས་མངོན་འགྱུར་བྱེད་པའི་ལམ་བུ་འཚོལ་ཞིབ་བྱེད་པ་དང་། ཆུ་དྭངས་རི་སྔོ་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ། རང་ཞིང་གི་ཐོན་ཁུངས་དགེ་མཚན་ལ་རྐང་འཛུགས་པ། འཕེལ་རྒྱས་ཀྱི་རྣམ་པའི་ལྗང་མདོག་ཚུལ་སྒྱུར་བྱེད་པ། རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་མཆན་ཐོབ་པའི་བདག་གཉེར་དེ་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། ཧུར་ཐག་གིས་མཛེས་སྡུག་གི་ཆུ་དྭངས་རི་སྔོ་དེ་རིན་ཐང་ལྡན་པའི་གསེར་རི་དངུལ་རི་ལ་བསྒྱུར་དགོས།
རིན་ཆེན་མཚོས་བསྒྱུར།