ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་བཀའ་རྒྱར་མཚན་བཀོད་ནས་གསར་དུ་བཟོ་བཅོས་བྱས་པའི《དམག་དཔུང་རྩིས་བཤེར་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། དེ2024ལོའི་ཟླ7པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།
《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས། འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་ཧུར་ཐག་གིས་འཚམ་པར་བྱས་ཏེ། དུས་རབས་གསར་པའི་དམག་དཔུང་གི་རྩིས་བཤེར་བྱ་བའི་སྤྱིའི་བླང་བྱ་དང་དོན་སྒྲུབ་དབང་ཚད། གོ་རིམ་རྐྱེན་སྲོལ་སོགས་སྔར་ལས་གོ་རིམ་ལྡན་པའི་སྒོ་ནས་ཚད་ལྡན་དུ་བཏང་བས། རྩིས་བཤེར་ལྟ་སྐུལ་ཞབས་ཞུའི་ནུས་པ་སྔར་ལས་འདོན་སྤེལ་ལེགས་པོ་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན།
《སྲོལ་ཡིག》ལ་བསྡོམས་པས་ལེའུ8དང་དོན་ཚན75ཡོད་པ་དང་། དེ་ནི་དམག་དཔུང་གི་རྩིས་བཤེར་བྱ་བའི་གཞི་རྩའི་ཁྲིམས་སྲོལ་གྱི་གཞི་འཛིན་ས་རེད། 《སྲོལ་ཡིག》ནང་དམག་དཔུང་གི་རྩིས་བཤེར་བྱ་བ་དེ་དཔལ་འབྱོར་ལྟ་སྐུལ་གྱི་གནས་བབ་གཏན་འཁེལ་ལ་གཞི་ཚུགས་ནས་ཆབ་སྲིད་ཀྱི་ངོ་བོ་དང་ཆབ་སྲིད་ཀྱི་ནུས་པ་ཇེ་ཆེར་གཏོང་བ་དང་། ཁྲིམས་ལྟར་གཟབ་ནན་དང་དངོས་ཐོག་བདེན་འཚོལ། ཕྱོགས་ཡོངས་ལ་ཁྱབ་པ། གནད་དོན་གྱི་ཁྲིད་ཕྱོགས། ཞིབ་བཤེར་དང་བཅོས་སྐྱོང་གཞི་གཅིག་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་གཏན་ཁེལ་གསལ་བོ་བྱས་ཡོད། ནུས་ཤུགས་ཡོད་རྒུས་རྩིས་བཤེར་ལྟ་སྐུལ་ལས་འགན་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་རྩིས་བཤེར་གྱི་འབྲེལ་ཡོད་དོན་ཚན་སྔར་ལས་ཞིབ་ཚགས་སུ་གཏོང་བ་དང་། འཛུགས་སྐྲུན་ལས་གཞི་གལ་ཆེན་སོགས་ཐད་ཀྱི་རྩིས་བཤེར་བྱེད་སྟངས་ཇེ་ལེགས་སུ་གཏོང་དགོས། རྩིས་བཤེར་སྤུས་ཚད་དང་ཕན་ནུས་ཇེ་ཆེར་གཏོང་རྒྱུར་དམིགས་ནས་འཆར་གཞི་བཟོ་བ་ནས་འབྲས་བུ་བེད་སྤྱོད་བར་གྱི་སྦྲེལ་ལམ་ཡོངས་ཀྱི་ལས་རིམ་བླང་བྱ་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་སྡེ་ཁག་གཞན་དག་དང་འབྲེལ་མཐུད་མཐུན་སྦྱོར་དང་། བཤུ་འབྲི་དང་འགན་འཁྲི་རྩད་གཅོད་སོགས་ཀྱི་ལམ་ལུགས་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་འབུར་དུ་ཐོན་པ་བྱས་ཏེ་སྔར་ལས་གཟབ་ནན་གྱི་རྩིས་བཤེར་སྒྲིག་ཁྲིམས་ཀྱི་བླང་བྱ་ཞིབ་ཚགས་སུ་བཏང་ནས། དད་སེམས་བརྟན་པོ་དང་བྱེད་སྒོ་བྱང་ཆུབ་པ། སྤྱོད་ཚུལ་དངོས་སྒྲུབ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་དཔུང་ཁག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
ཤ་བོ་རིན་མཚོས་བསྒྱུར།