ཚེས11ཉིན་རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཞའོ་ཀང་གིས་ཧི་ལན་མཚོ་དམག་གི་གྲུ་ཐོག་གྱེན་འཕུར་གནམ་གྲུས་བསྙད་བརྐོས་པའི་སྐོར་ནས་གསར་འགོད་པའི་དྲི་བར་ལན་བཏབ།
གསར་འགོད་པ་ཞིག་གིས་ཧི་ལན་རྒྱལ་སྲུང་པུའུ་ཡི་དྲ་ཚིགས་སྟེང་ཉེ་ལམ་རྩོམ་ཡིག་སྤེལ་ཏེ། ཀྲུང་གོའི་དམག་འཐབ་གནམ་གྲུ2དང་ཀྲུང་གོའི་གྱེན་འཕུར་གནམ་གྲུ1ཤར་ཕྱོགས་རྒྱ་མཚོའི་རྒྱལ་སྤྱིའི་མཁའ་ཁོངས་སུ་ཧི་ལན་མཚོ་དམག་གི“ཐི་ལུའོ་མུའུ་ཕུའུ”རྟགས་ཅན་གྱི་སྲུང་སྐྱོབ་དམག་གྲུའི་ཐོག་གི་གྱེན་འཕུར་གནམ་གྲུའི་ཉེ་སར་བཅར་ནས་བདེ་འཇགས་མིན་པའི་གནས་བབ་བཟོས་པ་དང་། དམག་གྲུ་དེས་སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་ལ་བཀག་སྡོམ་བྱེད་པའི་གྲོས་ཆོད་ལ་ལྟ་སྐུལ་བྱེད་པའི་ལས་འགན་ལག་བསྟར་བྱེད་བཞིན་ཡོད་ཅེས་བསྒྲགས་ཡོད་པ་དེར་ལྟ་ཚུལ་ཅི་འདྲ་བཟུང་ཡོད་ཅེས་དྲིས་པར།
ཀྲང་ཞའོ་ཀང་གིས་བཤད་རྒྱུར། ཧི་ལན་ཕྱོགས་ཀྱི་བཤད་ཚུལ་དེས་དཀར་ནག་གོ་ལྡོག་ཡོད་པ་དང་རང་གིས་གཞན་གྱི་ཁེ་དབང་ལ་གནོད་བསྐྱལ་བའི་བྱ་སྤྱོད་འགེབ་འདོད་པ་རེད། ཟླ6པའི་ཚེས7ཉིན། ཧི་ལན་མཚོ་དམག་གི“ཐི་ལུའོ་མུའུ་ཕུའུ”རྟགས་ཅན་གྱི་སྲུང་སྐྱོབ་དམག་གྲུའི་ཐོག་གི་གྱེན་འཕུར་གནམ་གྲུས་ཧྲང་ཧའེ་ཤར་ཕྱོགས་ཀྱི་བར་སྣང་དུ་འཛུལ་ཏེ་བསྙད་བརྐོས་པ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་འཐབ་ཁུལ་གྱིས་ཐ་ཚིག་བསྒྲགསཔ་དང་འཐབ་འཛིང་གནམ་གྲུ་འཕུར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཕྱིར་བདའ་བ་དེ་ནི་ཁྲིམས་མཐུན་ལུགས་མཐུན་ཡིན་པ་དང་། བརྒྱུད་རིམ་ཧྲིལ་པོ་ཆེད་ལས་ཚད་ལྡན་ཡིན་པ་དང་བདེ་འཇགས་མིན་པའི་གནས་བབ་བཟོ་མཁན་ནི་ཧི་ལན་ཕྱོགས་ཡིན་པ་ལས་ཀྲུང་གོ་ཕྱོགས་མིན། ཧི་ལན་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་སྒྲུབ་པའི་རྫུན་གཏམ་ལབ་ནས་རྒྱལ་ཁབ་གཞན་གྱི་མཚོ་ཁོངས་དང་མཁའ་ཁོངས་སུ་དྲག་ཤུགས་ངོམས་པ་དང་ཛ་དྲག་གི་རྣམ་པ་བཟོས་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་གནོད་འཚེ་བཏང་ཡོད། ཧི་ལན་ཕྱོགས་ཀྱི་འབྲེལ་ཡོད་གཏམ་སྦྱོར་མི་ལེགས་པས་ང་ཚོ་དེར་ཁོང་ཁྲོ་ཆེན་པོ་ལངས་ཡོད་པར་མ་ཟད་དེ་ལ་རྒོལ་གཏམ་དྲག་པོ་བཏང་ཡོད། ང་ཚོས་ཧི་ལན་ཕྱོགས་ཀྱིས་མཚོ་དམག་དང་མཁའ་དམག་གི་བྱ་སྤྱོད་ལ་ཚོད་འཛིན་ནན་མོ་མ་བྱས་པར་གཞན་གྱི་ཁེ་དབང་ལ་གནོད་སྐྱེལ་བ་དང་བསྙད་བརྐོས་ན་ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ངེས་ཡིན་ཞེས་ཐ་ཚིག་བསྒྲགས་པ་ཡིན། ཀྲུང་གོའི་དམག་དཔུང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་རྒྱ་མཚོའི་ཁེ་དབང་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
ཤ་བོ་རིན་མཚོས་བསྒྱུར།