ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཆིན་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡའོ་ཆི་ཀྲི་ལ་འཕྲིན་ལན་བསྐུར་ནས་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པར་མ་ཟད་བླང་བྱ་ནན་མོ་བཏོན།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་ཁྱེད་རང་རྒྱལ་ནང་དུ་ལོག་སྟེ་དགེ་རྒན་གྱི་ལས་ཀ་གཉེར་ནས་ལོ་ངོ་ཉི་ཤུ་འདས་པའི་རིང་དུ། རྒྱལ་གཅེས་ཀྱི་བརྩེ་སེམས་དེ་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དུ་བསྒྱུར་ནས། ཆིན་ཧྭ་སློབ་ཆེན་དུ་བློ་རྩེ་གཅིག་སྒྲིམ་གྱིས་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པར་བྱས་རྗེས་འཇོག་པ། སློབ་ཁྲིད་མི་སྐྱོང་དང་ཚན་ཞིབ་གསར་གཏོད་བཅས་བྱས་པར་ཕྱོགས་ཡོངས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པས་ཁྱེད་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྱེད་ཀྱིས་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་བྱས་ནས། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཀུན་གྱི་སྣེ་ཁྲིད་ནས་ཤེས་ལྡན་མི་སྣ་རང་བདག་གསོ་སྐྱོང་བྱེད་སྟངས་མུ་མཐུད་དུ་འཚོལ་ཞིབ་དང་གསར་གཏོད་བྱས་ནས། རིག་ཚན་སྣོལ་སྡེབ་དང་སྔོན་ཐོན་གྱི་ཁྱབ་ཁོངས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་འཇོན་མི་གསོ་སྐྱོང་དང་ཚན་རྩལ་གསར་གཏོད་རྟེན་གཞི་བསྐྲུན་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་བྱེད་པ་དང་། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད།
ཡའོ་ཆི་ཀྲི་ཡིས་དུས་ཡུན་རིང་པོར་ཨ་རིའི་མཐོ་རིམ་སློབ་གྲྭ་རུ་དགེ་རྒན་གྱི་ལས་ཀ་གཉེར་བ་དང་། 2004ལོར་རྒྱལ་ནང་དུ་ལོག་ནས་ཆིན་ཧྭ་སློབ་ཆེན་དུ་དགེ་རྒན་གྱི་ལས་ལ་ཞུགས། ད་ལྟ་ཆིན་ཧྭ་སློབ་ཆེན་མིས་བཟོས་རིག་ནུས་སློབ་གླིང་གི་གླིང་གཙོ་དང་སྣོལ་སྡེབ་ཆ་འཕྲིན་ཞིབ་འཇུག་གླིང་གི་གླིང་གཙོ་ཡིན། ཉེ་ལམ། ཡའོ་ཆི་ཀྲི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ཁོ་རང་རྒྱལ་ནང་དུ་ལོག་ནས་དགེ་རྒན་གྱི་བྱ་བ་གཉེར་བའི་ལོ20རིང་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཚུལ་དང་ཚན་ཞིབ་གསར་གཏོད་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་ནས། ཚན་རྩལ་གྱིས་རྒྱལ་ཁབ་ལ་ཞབས་འདེགས་ཞུས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྟོབས་ཤུགས་འབུལ་རྒྱུའི་ཆོད་སེམས་བསྟན།
གཡང་འབུམ་རྒྱལ་གྱིས་བསྒྱུར།