ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་བཙུགས་ནས་ལོ60འཁོར་བའི་དགའ་སྟོན་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོར་བརྙན་ལམ་ནས་ཞུ་ཚིག་ཕུལ།
2024.06.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ6པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་བཙུགས་ནས་ལོ60འཁོར་བའི་དགའ་སྟོན་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོར་བརྙན་ལམ་ནས་ཞུ་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་བཙུགས་ནས་ལོ60འཁོར་བའི་རིང་ལ། ཐུན་མོང་དར་རྒྱས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཧུར་ཐག་གིས་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་ལྷོ་བྱང་གི་གྲོས་མོལ་དར་སྤེལ་བཏང་བ།    རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ནས་འཛམ་གླིང་ཉོ་ཚོང་དང་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་ཡོད།     མིག་སྔར།    འཛམ་གླིང་གི་ལོ་བརྒྱའི་རིང་གི་འགྱུར་ལྡོག་མགྱོགས་མྱུར་གྱིས་འཕེལ་བཞིན་ཡོད་ལ་ཞི་བདེ་དང་འཕེལ་རྒྱས་འགྲན་སློང་གསར་པར་འཕྲད་ཡོད།     ང་ཚོས་ལོ་རྒྱུས་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཁ་ཕྱོགས་ཡང་དག་བཟུང་སྟེ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་དགོས།

ཞི་བདེ་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་བསྐྲུན་དགོས།     རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་རྒྱལ་ཁབ་ཆེན་པོས་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས་འདྲ་མཉམ་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དར་སྤེལ་དང་།    མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དམིགས་ཡུལ་དང་རྩ་དོན་བརྩི་སྲུང་ནན་མོ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་སོགས་ཕྱོགས་མང་ལས་ཁུངས་ཀྱི་ནུས་པ་སྔར་ལས་ལེགས་པོ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་དགོས།

སྒོ་འབྱེད་འཕེལ་རྒྱས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་དགོས།     ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་དར་སྤེལ་གཏོང་བ་དང་།    ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ།    འཕེལ་རྒྱས་དོ་སྙོམས་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ།   འཛམ་གླིང་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས།

གསར་གཏོད་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱ་དགོས།     སྒོ་འབྱེད་དང་དཀྱེལ་ཡངས།    མཐོང་ཆུང་མི་བྱེད་པའི་གཞི་གྲངས་དཔལ་འབྱོར་གྱི་ཁོར་ཡུག་བསྐྲུན་ནས། མི་ལྟེ་བར་འཛིན་པ་དང་རིག་ནུས་དགེ་བརྩོན་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་མིས་བཟོས་རིག་ནུས་སྒྲིག་སྲོལ་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གྲངས་འཛིན་ཅན་དང་རིག་ནུས་ཅན།    ལྗང་མདོག་ཅན་བཅས་ཀྱི་རླབས་རྒྱུན་ཁྲོད་སྔར་ལས་ལེགས་པོར་འདྲེས་ཐུབ་པར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་པ་དང་། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས། འཛམ་གླིང་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྔར་ལས་མང་པོ་ཡོད་ངེས།     ཀྲུང་གོ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས།     ཀྲུང་གོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ནས་ནང་འདྲེན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།    ཚོང་དོན་དང་དངུལ་གཏོང་། འཕེལ་རྒྱས་བཅས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པར་རམ་འདེགས་བྱ་རྒྱུ་ཡིན།     ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་མིའི་རིགས་ཀྱི་མདུན་ལམ་སེམས་སུ་འཛིན་པ་དང་མི་དམངས་ཀྱི་བདེ་སྐྱིད་གཙིགས་སུ་བཟུང་ནས་འཛམ་གླིང་ཞི་བདེ་དང་བདེ་འཇགས།    དར་རྒྱས།    ཡར་ཐོན་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།  

ཤ་བོ་རིན་མཚོས་བསྒྱུར།