ནེའུ་ཙི་ལན་གྱི་ཙུང་ལི་ལཱ་ཁི་སིན་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པཱ་ཉི་སི། མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཟླ6པའི་ཚེས12ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བསྡད་ནས་པེ་ཅིང་དང་ཁ་བྲལ་ཏེ། ནེའུ་ཙི་ལན་དང་། ཨོ་སི་ཁྲུ་ལི་ཡཱ། མཱ་ལེ་ཞི་ཡཱ་བཅས་ལ་དངོས་གཞིའི་འཚམས་འདྲི་མཛད་པར་ཕེབས་པ་དང་། ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨར་པཱ་ཉི་སི་དང་ལྷན་དུ་སྐོར་ཐེངས་དགུ་པའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་ཙུང་ལིའི་ལོ་འཁོར་ཐུག་འཕྲད་བྱ་རྒྱུ་རེད། རྒྱལ་སྲིད་ཨུ་ཡོན་ཞོར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་འཁུར་བའི་ཝུའུ་ཀྲིན་ལུང་སོགས་ཕེབས་རོགས་མི་སྣ་ལྷན་དུ་པེ་ཅིང་དང་བྲལ་ནས་འཚམས་འདྲིར་སོང་།
ས་དེའི་དུས་ཚོད་ཚེས13ཉིན་གྱི་སྔ་དྲོར། ལིས་ཆང་ཆེད་བཏང་གནམ་གྲུར་བསྡད་དེ་ཧོས་ལིན་ཏོན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ནས། ནེའུ་ཙི་ལན་ལ་དངོས་གཞིའི་འཚམས་འདྲི་མཛད་འགོ་བརྩམས། ནེའུ་ཙི་ལན་གྱི་འཕྲོད་བསྟེན་པུའུ་ཀྲང་ལུའེ་ཏིས་དང་ནེའུ་ཙི་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཞའོ་ལུང་སོགས་གནམ་གྲུ་ཐང་དུ་སོང་ནས་བསུ་མ་བྱས།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ནེའུ་ཙི་ལན་གཉིས་ཀྱི་རྒྱང་ཐག་རིང་མོད། འོན་ཀྱང་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཕན་ཚུན་བར་གྱི་མཛའ་བརྩེ་མཚོ་ལྟར་ཟབ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50ལྷག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བ་དེ་དུས་ནམ་ཡང་ཀྲུང་གོ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲལ་དུ་བསྐྱོད་ཡོད། རྒྱལ་ཁབ་གཉིས་ཀྱིས་ཉོ་ཚོང་དང་། དངུལ་གཏོང་། ཡུལ་སྐོར། ཚན་རྩལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་། ལོ་རྒྱུས་རིག་གནས་མི་འདྲ་བ། འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བའི་རྒྱལ་ཁབ་བར་གྱི་གཉིས་ཕན་མཉམ་རྒྱལ་གྱི་མིག་དཔེར་གྱུར་ཡོད།
ལིས་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེའུ་ཙི་ལན་ལ་རྒྱལ་དོན་འཚམས་འདྲི་གནང་བ་དང་ཀྲུང་གོ་དང་ནེའུ་ཙི་ལན་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་ལོ་ཡིན་ཞིང་། ངས་ད་ཐེངས་ནེའུ་ཙི་ལན་ལ་འཚམས་འདྲི་བྱེད་པ་ནི་སྲོལ་རྒྱུན་མཛའ་མཐུན་གྱི་རྒྱུན་སྐྱོང་པ་དང་། གཉིས་ཕན་མཉམ་ལས་ལ་ཡར་སྐུལ་བྱེད་པ། ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ཡིན། ངས་ནེའུ་ཙི་ལན་གྱི་འགོ་ཁྲིད་པ་དང་ལས་རིགས་ཁག་གི་མི་སྣ་དང་ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བ་དང་མཉམ་དུ་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རིམ་སྤོར་བྱེད་པའི་དཔེ་གཞི་བསྐྲུན་པར་རེ་སྒུག་བྱས་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསུས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་སྒོ་ནས་བདེ་སྐྱིད་བསྐྲུན་པ་དང་། འཛམ་གླིང་ཞི་བདེ་དང་། བརྟན་བརླིང་། འཕེལ་རྒྱས། དར་རྒྱས་བཅས་ཡོང་བར་ཡང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པར་ཡིད་ཆེས་ཡོད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།