ཚེས12ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་པེ་ཅིང་དུ་ཁུ་པཱ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཨ་ཐི་མུས་སཱ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་པོ་མཱ་ཏིན་ནེ་སིས་སྣེ་ཁྲིད་པའི་ཁུ་པཱ་གུང་ཁྲན་ཏང་གི་ཞིང་ཆེན་དང་གྲོང་ཁྱེར་ཏང་ཨུའི་འགོ་ཁྲིད་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་།
ལིས་ཞི་ཡིས་བསྟན་དོན། ཀྲུང་གོ་དང་ཁུ་པཱ་གཉིས་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས་ཐུན་མོང་གི་ཕུགས་བསམ་དང་དད་སེམས་ཡོད། ཕྱོགས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏི་ཡ་སི-ཁ་ནེ་ཨར་ཧྲུའུ་ཅི་དང་པོའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་མོ་བྱས་ཏེ་འཐབ་ཇུས་ཀྱི་འབྲེལ་གཏུག་དམ་ཟབ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ། རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྔར་ལས་འཕེལ་རྒྱས་ཡག་པོ་ཡོང་བར་མཛུབ་ཁྲིད་བཅས་བྱས་ནས། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཁུ་པཱའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་དགོས། ལིས་ཞི་ཡིས་ད་དུང་ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དང་དེ་མིན་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྒྲིག་བྱས་ཚུལ་ངོ་སྤྲོད་གནང་།
མཱ་ཏིན་ནེ་སིས་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བརྟན་པོ་དང་རྩ་ཆེའི་རོགས་རམ་གནང་བར་ཁུ་པཱ་གུང་ཁྲན་ཏང་གིས་ཐུགས་རྗེ་ཆེ་ཞུ་བ་དང་། ཀྲུང་གུང་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས། ཁུ་པཱ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཤ་བོ་རིན་མཚོས་བསྒྱུར།